2025-07-30
ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས(ཚེས28ཉིན)《བྱིས་པའི་གསོ་སྐྱོང་ཁ་གསབ་ལམ་ལུགས་ལག་བསྟར་ཇུས་གཞི》སྒྲོག་སྤེལ་བྱས་པ་ལྟར་ན། བྱིས་པའི་གསོ་སྐྱོང་ཁ་གསབ་ནི་རྒྱལ་ཡོངས་སུ་མང་ཚོགས་ཡོངས་ལ་དངུལ་སྨར་ཁ་གསབ་སྤྲོད་པ་ཞིག་ཡིན་པས་གསར་གཏོད་རང་བཞིན་གྱི་དོན་སྙིང་ལྡན། སྤྱིའི་བླང་བྱ། 《ལག་བསྟར་ཇུས་གཞིའི》ནང་སྤྱིའི་བླང་བྱ་དང་ཁག་བཞིའི་ལས་དོན་བླང་བྱ་ཁ་གསལ་བཟོས་ཡོད་པ་སྟེ། དམངས་འཚོ་ལེགས་གཏོང་དང་དམངས་ཕན་མཐའ་འཁྱོངས་ནས་ཁྱིམ་ཚང་གི་བུ་བཙའི་གསོ་སྐྱོང་མ་གནས་ནུས་ལྡན་ངང་དམའ་རུ་གཏང་དགོས། གཅིག་གྱུར་འཆར་འགོད་སྦྲེལ་མཐུད་དང་། དྲང་གཞག་འགན་སྲུང་མཐའ་འཁྱོངས་ནས་ད་ལྟ་ལག་ལེན་བསྟར་བཞིན་པའི་དམངས་འཚོ་སྲིད་ཇུས་དང་འབྲེལ་མཐུད་བྱས་ཏེ་ཆ་རྐྱེན་དང་མཐུན་པའི་བྱིས་པ་དམར་འབྱར་ལ་འདྲ་མཉམ་གྱིས་ཁ་གསབ་ལོངས་སུ་སྤྱོད་ཐུབ་པར་འགན་ལེན་བྱ་དགོས། ཅི་ཐུབ་གང་ཐུབ་དང་ནུས་པར་གཞིགས་ནས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་ནས། མི་འབོར་འཕེལ་རྒྱས་ཀྱི་གནས་ཚུལ་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་ལ་གཅིག་གྱུར་གྱིས་བསམ་བློ་བཏང་ནས་ཁ་གསབ་ཀྱི་ཁྱབ་ཁོངས་དང་ཚད་གཞི་ལུགས་དང་མཐུན་པར་གཏན་འཁེལ་བྱས་ཏེ་ནོར་སྲིད་ཀྱིས་འགན་འཁུར་ཐུབ་པ་དང་སྲིད་ཇུས་རྒྱུན་མཐུད་ཐུབ་པར་འགན་ལེན་བྱ་དགོས། ཉེན་མེད་ཚད་ལྡན་དང་སྟབས་བདེ་བསྒྲུབ་སླ་རྒྱུན་འཁྱོངས་དང་། ཐོབ་ཐང་ཞིབ་བཤེར་ནན་པོ། འགྲེམ་སྤྲོད་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། ལས་སྒྲུབ་ལས་ཆོད་ཆེ་རུ་གཏོང་བ། མ་དངུལ་ཉེན་མེད་འགན་ལེན་བྱས་ནས་བྱ་བ་ཏན་ཏིག་བསྒྲུབ་དགོས། ཁ་གསབ་བྱ་ཡུལ་དང་ཚད་གཞི། 《ལག་བསྟར་ཇུས་གཞིའི》ནང་ཁ་གསབ་བྱ་ཡུལ་དང་ཚད་གཞི་ཁ་གསལ་བཟོས་ཡོད། བྱིས་པའི་གསོ་སྐྱོང་ཁ་གསབ་ལམ་ལུགས2025ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་པའི་ལོ3མན་གྱི་བྱིས་པར་ཁ་གསབ་སྤྲད་རྒྱུ་དང་། བྱིས་པའི་གསོ་སྐྱོང་ཁ་གསབ་ལོ་ལྟར་སྤྲད་དགོས། ད་ལྟའི་དུས་མཚམས་ཀྱི་རྒྱལ་ཁབ་ཀྱི་རྨང་གཞིའི་ཚད་གཞི་ནི་བྱིས་པ་རེར་ལོ་རེར་སྒོར3600ཡིན་པ་དང་བྱིས་པ་ལོ་གསུམ་མ་ལོན་པའི་བར་ཁ་གསབ་སྤྲད་རྒྱུ་རེད། དེའི་ནང2025ལོའི་ཟླ་དང་པོའི་ཚེས1ཉིན་གྱི་སྔོན་དུ་སྐྱེས་པ་དང་ལོ3མ་ལོན་པའི་བྱིས་པ་དམར་འབྱར་ལ་ཟླ་གྲངས་ལྟར་ཕབ་རྩིས་བྱས་ནས་ཁ་གསབ་སྤྲད་རྒྱུ་རེད། བྱིས་པའི་གསོ་སྐྱོང་ཁ་གསབ་ལམ་ལུགས་ཀྱི་གཏན་འབེབས་ལྟར་སྤྲད་པའི་ཕྲུ་གུ་གསོ་སྐྱོང་ཁ་གསབ་ལ་མི་སྒེར་གྱི་ཐོབ་ཁྲལ་བསྡུ་མི་དགོས། མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་དང་དམིགས་བསལ་དབུལ་ཕོངས་མི་སྣ་སོགས་རོགས་སྐྱོབ་བྱ་ཡུལ་སོགས་ཀྱི་བྱིས་པའི་གསོ་སྐྱོང་ཁ་གསབ་དེ་ཁྱིམ་ཚང་ངམ་མི་སྒེར་གྱི་ཡོང་འབབ་ནང་བརྩི་མི་དགོས། རེ་ཞུའི་གོ་རིམ་དང་འགྲེམ་སྤྲོད་ཐབས་ལམ། རེ་ཞུ་བྱེད་པའི་གོ་རིམ་ཁྲོད། བྱིས་པའི་གསོ་སྐྱོང་ཁ་གསབ་དེ་བྱིས་པའི་ཕ་མ་ཕྱོགས་གཅིག་གམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་གཏན་འབེབས་ལྟར་བྱིས་པའི་ཐེམ་ཐོ་གནས་ཡུལ་ལ་རེ་ཞུ་བྱས་ནས་ལེན་དགོས། གཙོ་བོ་ཕྲུ་གུ་གསོ་བའི་ཁ་གསབ་ཆ་འཕྲིན་དོ་དམ་མ་ལག་བརྒྱུད་དེ་དྲྭ་ལམ་བརྒྱུད་ནས་རེ་ཞུ་བྱ་ཆོག་ལ། དྲྭ་འོག་བརྒྱུད་ནས་རེ་ཞུ་ཡང་བྱ་ཆོག། 《ལག་བསྟར་ཇུས་གཞིའི》ནང་བྱིས་པའི་གསོ་སྐྱོང་ཁ་གསབ་ཀྱི་ཆ་འཕྲིན་དོ་དམ་བླང་བྱ་ཁ་གསལ་བཟོས་ཡོད་པ་དང་དེ་བཞིན་བྱིས་པའི་གསོ་སྐྱོང་ཁ་གསབ་ལམ་ལུགས་ལག་ལེན་བསྟར་བར་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱས་ཡོད།《ལག་བསྟར་ཇུས་གཞིའི》ནང་རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་བསྣན་ནས་ས་གནས་ཁག་གིས་ལག་བསྟར་ཇུས་གཞི་བཟོས་ནས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ནོར་སྲིད་པུའུ་ལ་ཐོ་འགོད་སྙན་སེང་ཞུས་ཏེ་སྲིད་ཇུས་སྦྲེལ་མཐུད་ཡག་པོ་བྱས་ནས་ལག་བསྟར་ཕན་འབྲས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10