2025-07-29
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྣེ་ཁྲིད་འོག་ཏུ། གྲངས་ཉུང་མི་རིགས་སོ་སོས་གནའ་དཔེ་འཚོལ་སྡུད་དང་དཀར་ཆག་སྡུད་སྒྲིག། ཡིག་བསྒྱུར་དང་དཔེ་སྐྲུན་སོགས་ཀྱི་ལས་ཀ་བྱེད་བཞིན་པའི་སྒང་རེད། དེའང་ཁུལ་དང་ཞིང་ཆེན་གྱི་གཏན་འབེབས་བྱས་པ་ལྟར་ན། གནའ་དཔེ་ཁྱབ་ཁོང་ནང་དུ་བྲག་རྐོའི་རི་མོ་དང་རྡོ་བརྐོས། རྡོ་རིང་། ཐང་ག། ལྡེབ་རིས། གནའ་མཁར། གནའ་ཤུལ། དམངས་ཁྲོད་དུ་ཡོད་པའི་གནའ་བྲོ་དང་གླུ་གཞས། གཏམ་རྒྱུད། གནའ་གཞུང་། ཡིག་ཚག་སོགས་ནང་དོན་ཧ་ཅང་སྣ་མང་ཡོད། འདིར་ཁམས་བྲག་མགོ་ཡུལ་གྱི་གནའ་དཔེ་དང་བྲག་བརྐོས་རི་མོ། རྡོ་འབུམ་དང་ཐང་ག། ལྡེབ་རིས། གནའ་མཁར་དང་གནའ་ཤུལ་སོགས་ཕྱོགས་འགའ་རེ་ངོ་སྤྲོད་ཞུས་པ་ཡིན།
དང་པོ། བྲག་མགོ་ཡུལ་ཁམས་ངོ་སྤྲོད་མདོར་བསྡུས།
བྲག་མགོ་རྫོང་ནི་ཉག་ཆུའི་བྱང་རྒྱུད། ཟླ་ཆུ་དང་སྙི་ཆུ་གཉིས་ཀྱི་བཞུར་རྒྱུན། མི་ཉག་རབ་སྒང་དང་མདོ་སྒང་གཉིས་ཀྱི་བར་ན་ཡོད། ཡུལ་དེ་ནི་ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་། རིག་གནས་ཀྱི་རྒྱུད་ཆ་མང་ས། ཁམས་བྱང་གི་འབྲུ་མཛོད་དང་ཁམས་བྱང་ལྟེ་གནས། རྡོ་སྒམ་རིག་གནས་ཀྱི་ཕ་ས་དང་འབྲོག་གླུའི་ཕ་ས། ཧོར་རིག་གནས་ཀྱི་ལྟེ་བ། ཤེལ་ཆུ་སྔོན་པོའི་འབྱུང་གནས་སོགས་མཚན་གྱི་ཅོ་པན་དུ་མ་ཐོབ་ཡོད། བྲག་མགོའི་རིག་གནས་ལ་རྡོ་ཆས་དང་རུས་ཆས། རྫ་ཆས། གྱོ་ཆས། ལྕགས་ཆས། ཟངས་ཆས། ལི་ཆས། བྱུ་རུ། མི་ཏིག། དངུལ་སོགས་གནའ་བོའི་རིག་དངོས་ཧ་ཅང་མང་པོ་གསར་རྙེད་བྱུང་བར་མ་ཟད། དེ་ལ་གནའ་རྫས་ཆེད་ལས་པས་ཐེངས་ཀ་ཤས་ཞིབ་འཇུག་བྱས་ཏེ་དཔྱད་རྩོམ་སོགས་སྤེལ་ཡོད། གཞན་ཡང་ཡུལ་འདི་ལ་ཞང་འབྲོག་རིག་གནས། རི་ཆུའི་རིག་གནས། དགོན་པའི་རིག་གནས། དམར་དམག་གསར་བརྗེ་རིག་གནས་སོགས་རིག་གནས་སྣ་མང་གི་རྣམ་པར་བཀྲ་བའི་གནས་ཁྱད་པར་ཅན་ཞིག་ཡིན། གནའ་བོའི་དུས་སུ་དབྲ་འབྲི་སྒ་ལྡོང་ཁྱུང་སོགས་མི་རྒྱུད་མང་པོ་ཞིག་ཡར་ལུང་ནས་བྲག་མགོ་དང་དཀར་མཛེས་རྟའུ་སོགས་སུ་རྒྱུན་སྡོད་བྱས་པས་རྒྱ་བོད་མི་རིགས་མཛའ་བརྩེ་དང་། དེ་དག་གི་རིག་གནས་ཀྱང་འོ་ཆུ་ལྟར་གཅིག་ཏུ་འདྲེས་པའི་གནས་སུ་གྱུར། གཞན་ཡང་ཡོན་གོང་མ་ནས་ཐུའུ་སིའི(土司)ལམ་ལུགས་གསར་བཏོད་བྱས་ཤིང་། རྒྱ་བོད་རིག་གནས་ཀྱི་འབྲེལ་ཟམ་དམ་པོར་ཆགས་ཏེ། ཆོས་སྲིད་རིག་དཔལ་རྣམས་འོ་ཆུ་ལྟར་གཅིག་ཏུ་འདྲེས་ཤིང་ཏྲེ་ཧོར་རིག་གནས་ཞེས་ཆགས།
གཉིས་པ། བྲག་མགོའི་གནའ་དཔེ་འཚོལ་སྡུད་གནས་ཚུལ་མདོར་བསྡུས།
ཕྲན་གྱིས་ལོ་ངོ་བཅུའི་ཡར་སྔོན་ནས་བྲག་མགོ་དང་རྟའུ། དཀར་མཛེས། ཉག་རོང་སོགས་སུ་གནའ་དཔེ་འཚོལ་སྡུད་བྱས་པས། ཡུལ་འདིར་གནའ་དཔེ་ལག་བྲིས་མ་པོ་ཏི་སྟོང་ཕྲག་ཁ་ཤས་ཡོད་པར་མ་ཟད། དེ་དག་གི་ལོ་རྒྱུས་ཡ་མཐའ་དུས་རབས་བཅུ་གཉིས་ནས་བཅུ་གསུམ་དང་། མ་མཐའ་དུས་རབས་ཉི་ཤུ་པའི་དུས་སྟོད་ལ་འགྲོ་ཐུབ་པ་དང་། གནའ་དཔེ་ཕར་ཆེར་དམངས་ཁྲོད་ཀྱི་གནའ་དཔེ་ཡིན་པས། ནང་དོན་སྣ་མང་ཡིན་པ་སོགས་ཁྱད་ཆོས་ལྡན་པར་མཐོང་། 2021ལོའི་ཟླ12པའི་ནང་སི་ཁྲོན་གྲངས་ཉུང་མི་རིགས་གནའ་དཔེ་ཚོགས་པ་དང་། དཀར་མཛེས་དང་རྔ་བ་སྟེ་ཁུལ་གཉིས་ཀྱི་གནའ་དཔེ་བྱ་བ་དངོས་སུ་ལས་མགོ་བརྩམས། དཀར་མཛེས་ཁུལ་བོད་རིག་པས་དཀར་མཛེས་ཁུལ་ཀྱི་གནའ་དཔེ་ལས་དོན་སྣེ་ཁྲིད་ཀྱི་འགན་བཞེས་ཤིང་། རྫོང་སོ་སོའི་རྫོང་ཨུ་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་ཁང་གི་གཙོ་འགན་བཞེས་པར་མ་ཟད། བྲག་འགོ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཀྱང་རྒྱབ་སྐྱོར་ཆེན་པོར་བརྟེན། ད་ལོ་བྲག་མགོ་རྫོང་གིས་སྙི་པ་ཡུལ་ཤོག་དང་གཞི་མདའ་ཡུལ་ཤོག་གི་གྲོང་ཚོ་ཁ་ཤས་སུ་གནའ་དཔེ་འཚོལ་སྡུད་དང་དཀར་ཆག་འགོད་པ་ནང་དོན་འགྲེལ་བཤད་སོགས་བྱས། མིག་སྔར་དཔེ་ཚན་སྣ་ཁ1550ལྷག་ཞིང་ཆེན་གྱི་གནའ་དཔེ་རིག་མཛོད་ནང་དུ་བླུག་ཐུབ་ཡོད།
གསུམ་པ། བྲག་རྐོ་རི་མོའི་སྐོར། །
བྲག་རྐོ་རི་མོ་ནི་རྡོ་ཆས་གསར་པ་ནས་དུས་རབས་བཅུ་གཅིག་གམ་བཅུ་གཉིས་བར་གྱི་གནའ་བོའི་རིག་གནས་ཤིག་ཏུ་ངོས་འཛིན་བྱས་ཡོད། དཀར་མཛེས་ལི་ཐང་ས་ཆ་ལ་ལོ་སྟོང་བརྒྱད་ནང་དུ་འགྲོ་ཐུབ་པའི་བྲག་རྐོའི་རི་མོ་གསར་རྙེད་བྱུང་ཡོད་པས་རང་ཁུལ་གྱི་བྲག་རྐོ་རི་མོའི་ལོ་རྒྱུས་ཀྱང་མི་ལོ༨༠༠༠གོང་དུ་འགྲོ་ཐུབ་ཞེ་ན་མི་འགྲིག་པ་མེད་སྙམ། བྲག་འགོ་གཞི་རིང་ཁོག་གི་ཁྲོ་ཆུ་བྲག་དང་བ་གནས་དགོན། སྙི་ཁོག་གི་རྫོང་ར་བྱ་མཁར་དང་རྦ་མདའ་གནས་ནང་སོགས་དང་། གཞན་ཡང་ལི་སྨད་དང་སྲིབ་མོ་ཤང་སོགས་སུ་བྲག་རྐོ་རི་མོ་དུ་མ་མཐོང་དུ་ཡོད། །འོན་ཀྱང་དེ་དག་གི་ལོ་ཚིགས་ད་དུང་གཏན་འཁེལ་བྱེད་ཐུབ་མེད། རྫོང་ར་བྱ་མཁར་ནས་ལོ་ཁྲི་ལྔའི་སྔོན་ཏུ་འགྲོ་ཐུབ་པའི་གནའ་མིའི་ཡ་སོ་དང་། སྲིབ་མོ་ཡུལ་གྱི་ངུར་མེ་གྲོང་བ་ན་ལོ་ཁྲི༡༠སྔོན་ཏུ་འགྲོ་ཐུབ་པའི་རྡོའི་སྟ་རེ་སོགས་གསར་རྙེད་བྱུང་བར་བརྟེན། དེ་དག་གི་བྲག་རྐོ་རི་མོའི་ལོ་རྒྱུས་ཀྱང་སྔ་མོ་ཡིན་པ་ཤུགས་ཀྱིས་ཤེས་ཐུབ། མ་འོངས་པར་བྲག་རྐོའི་རི་མོ་ཆེད་ལས་པ་རྣམས་ཡུལ་འདིར་དངོས་སུ་ཕེབས་ནས་རིག་དངོས་དཔྱད་ཞིབ་དང་སྔོན་འདོན་བྱེད་པའི་རེ་བ་ཡོད། བྲག་མགོ་ལ་བྲག་རྐོའི་རི་མོ་ཕུད། ད་དུང་གནའ་མིའི་རྐང་རྗེས་ཞིག་གསར་རྙེད་བྱུང་། ཞིབ་འཇུག་པས་ཐོག་མར་ཚོད་དཔག་ལྟར་ན་དེ་ནི་གནའ་མིའི་རྐང་རྗེས་ཡིན་པར་བཤད།
བཞི་པ། རྡོ་འབུམ་དང་རྡོ་རིང་སྐོར།
ཞིབ་འཇུག་པའི་བཤད་པ་ལྟར་ན་རྡོ་རིང་གི་ལོ་རྒྱུས་ཡ་མཐའ་རྡོ་ཆས་རྙིང་པར་འགྲོ་ཐུབ་པ་དང་། མ་མཐའ་དུས་རབས་ཉི་ཤུ་པར་འགྲོ་ཐུབ་པར་འདོད། བྲག་མགོ་ལ་མིག་སྔར་རྡོ་རིང་མཐོང་མ་བྱུང་། རྡོ་རྐོ་མང་པོ་མཐོང་དུ་ཡོད། དེ་དག་གི་ལོ་རྒྱུས་ཡ་མཐའ་དུས་རབས་བཅུ་གཅིག་ནས་བཅུ་གཉིས་དང་། མ་མཐའ་དུས་རབས་ཉི་ཤུ་པའི་དུས་མགོ་ཙམ་གྱི་བར་ཡིན། དཔེར་ན་ཤ་བ་ཐང་གྲོང་རྡལ་རྦ་དག་གྲོང་པའི་རྒྱབ་ལོག་གི་མ་ནི་་རྡོ་འབུམ་དང་། གཞི་རིང་དགོན་རྙིང་གི་མ་ཏྲི་རྡོ་འབུམ། སྙི་པ་རྦ་མདའ་གྲོང་བའི་མ་ཏྲི་རྡོ་འབུམ་དང་། གཞན་ཡང་ལི་སྟོད་སྨད་དང་གཙང་སྟོད་སྨད་ཀྱི་མ་ནི་རྡོ་འབུམ་སོགས་རྡོ་རྐོས་ཡི་གེ་ཧ་ཅང་མང་བར་མ་ཟད། ནང་དོན་ཡང་ཐར་མདོ་དང་། མ་ཏྲི། མ་ནི། སྦྲུལ་དང་སྦལ་བ། ལི་ལི་སོགས་རྡོ་ལ་བརྐོས་ཡོད། རྡོ་འབུམ་ཕལ་ཆེར་བརྩེགས་མའི་ཚུལ་དུ་གནས་པར་མ་ཟད། འགའ་ཞིག་ས་འོག་ཏུ་ནུབ་ནས་ཡོད། ས་ཆ་གཅིག་གི་རྡོ་འབུམ་ལོ་ཚིགས་ལའང་ཁྱད་པར་ཡོད་མོད། འོན་ཀྱང་རྡོ་འབུམ་ཕལ་ཆེ་བ་ལམ་ལས་དང་ཁང་ལས་པས་གཏོར་ནས་མེད་པར་བཟོས།
ལྔ་པ། བོད་ཡིག་གནའ་དཔེ།
བྲག་མགོ་གནའ་དཔེ་བརྒྱ་ཆ་དགུ་བཅུ་གོ་དགུ་བོད་ཡིག་ཡིན། ལོ་ཚིགས་ཡ་མཐའ་དུས་རབས་བཅུ་གསུམ་ནས་བཅུ་བཞི་ཡིན། མ་མཐའ་དུས་རབས་ཉི་ཤུ་པའི་འགོར་འགྲོ་ཐུབ། ད་ཡོད་གནའ་དཔེ་བརྒྱ་ཆ་བདུན་ཆུ་དམངས་ཁྲོད་ཀྱི་གནའ་དཔེ་ཡིན། བརྒྱ་ཆ་སུམ་ཅུ་དགོན་པའི་གནའ་དཔེ་ཡིན། མིག་སྔར་གནའ་དཔེ1500ཙམ་འཚོལ་སྡུད་བྱས། དེས་བྲག་མགོ་གནའ་དཔེ་ཡི་བརྒྱ་བཅུ་ཙམ་ཟིན་ཡོད་སྙམ། བྲག་མགོ་བོད་ཡིག་གནའ་དཔེ་བརྒྱ་ཆ་བརྒྱད་ཅུ་དབུ་མེད་སྒུར་ཡིག་དང་ལྗིབ་ཡིག་ཡིན། བརྒྱ་ཆ་ཉི་ཤུ་དབུ་ཅན་ཡི་གེ་ཡིན། དབུ་ཅན་ནང་དུ་པར་མ་དང་ལག་བྲིས་མ་ཅི་རིགས་ཡོད། ལག་བྲིས་ལའང་སྣག་བྲིས་དང་གསེར་བྲིས་དངུལ་བྲིས་དུང་བྲིས་སོགས་དུ་མ་ཡོད། བརྒྱ་ཆ་དགུ་བཅུ་ཡན་ཆོད་བོད་ཤོག་ཡིན། དེ་དག་གི་ནང་དོན་མོ་དང་རྩིས། གཏོ་དང་སྨན། འདུར་དང་མདོས། བོད་ཀྱི་མཚན་ཉིད་རིག་པ་དང་གཏན་ཚིག་རིག་པ། བཟོ་རིག་པ། རི་ཆུ་རིག་གནས། གོས་རིགས། ཟས་རིགས། གནའ་བོ་འཛུགས་སྐྲུན་བཟོ་སྒྲུབ་དང་བརྡ་དག་སྐད་ཡིག་སོགས་ཧ་ཅང་མང་། གནའ་དཔེ་དེ་དག་གི་རྩོམ་པ་པོ་དང་ཡིག་མཁན་སོགས་ཀྱང་བྲག་མགོ་བ་མང་བར་མ་ཟད། ནང་དོན་ཡང་ས་གནས་ཀྱི་ཁྱད་ཆོས་མང་པོ་ཡོད། །
དྲུག་པ། ཐང་ག་དང་ལྡེབ་རིས་སྐོར། །
བྲག་མགོ་གཞི་རིང་དགོན་པའི་འདུ་ཁང་རྙིང་པ་བཞེངས་ལོ1934ལོ་ཡིན། དེ་ནས2024ལོའི་བར་མི་ལོ100ཐམ་པ་ཟིན་ཡོད། དེའི་ནང་གི་འདམ་སྐུ་དང་རི་མོ་ཁ་ཤས་དགོན་རྙིང་ནས་ཁུར་ཡོང་བས། ལོ330ལྷག་འགྲོ་ཐུབ་མོད། གཞི་རིང་དགོན་པའི་མ་རྒྱུད་ཚེམས་ཐང་གོར་གོར་མ་ཉེར་བདུན་ལྷག་ཡོད་པའང་དུས་རབས་བཅུ་བདུན་པའི་དུས་མཇུག་ཙམ་གྱི་ཐང་ག་ཡིན་པར་བཤད། དེ་མིན་གཞི་རིང་བྲག་མགོ་བ་ལ་ཐང་ག་ཉི་ཤུ་ཙམ་ཡོད། གཞན་ཡང་འཇང་སྒང་དགོན་པའི་འདུ་ཁང་རྙིང་པའང་ལོ200ལྷག་གི་ལོ་རྒྱུས་ཡོད་ནའང་། འདུ་ཁང་གསར་སྤོར་བྱས་རྗེས་གཏོར་བརླགས་ཐེབས། བྲག་མགོ་རྒྱལ་རོང་དགོན་པའི་འདུ་ཁང་རྙིང་པ་ནི་དུས་རབས་བཅུ་དགུ་པའི་དུས་སྟོད་ཙམ་ལ་བསྐྱར་བཞེངས་བྱས། 1973ལོར་ས་འགུལ་གྱིས་གནོད་སྐྱོན་ཅུང་ཙམ་ཐེབས་ཡོད་ཀྱང་འདུ་ཁང་དངོས་ད་དུང་ལྷག་ཡོད། སྙི་རྦ་མདའ་དགོན་དང་རྦ་མདའ་གྲོང་སྨད་ཚང་ལ་དུས་རབས་བཅོ་བརྒྱད་པའི་དུས་སྟོད་ཀྱི་ཐང་ག་དྲུག་ཅུ་ལྷག་ཡོད། དེ་ནང་ནས་ཐང་ག་གཉིས་ཙམ་ནམ་མཁའ་རྒྱན་གྱིས་བྲིས་པར་བཞད། གཞན་ཡང་གཙང་མདའ་དགོན་ལ་ཐང་ག་ཁ་ཤས་ཡོད་རབས་བཤད་ཀྱང་མཇལ་བའི་གོ་སྐབས་མ་བྱུང་། བྲག་མགོ་དགོན་པ་ལ་ཐང་སྐུ་རྒྱན་དྲུག་མཆོག་གཉིས་དང་སྟོན་པ་སྐུ་སོགས་ནམ་མཁའ་རྒྱན་གྱིས་བྲིས་པའི་ཐང་ཁ་ཤས་ཡོད། གཞན་ཡང་ཡུལ་ལུང་སོ་སོར་ལྷག་ཡོད་པའི་ཐང་ག་དང་ཙ་ཀ་ལི་ཁྱོན་བསྡོམས་པའི་སྟོང་གཉིས་ལྷག་ཡོད་ངེས་སྙམ།
བདུན་པ། གནའ་ཤུལ་ངོ་སྤྲོད།
བྲག་མགོ་ལུང་པར་གྲོང་ཤུལ་དང་ཁང་ཤུལ། དགོན་ཤུལ་དང་ཞིང་རྨོས་ཤུལ། ལ་བཙས་ཤུལ་དང་དུར་ས། མཆོད་རྟེན་ཤུལ་དང་གནའ་ཤུལ་སོགས་ཤིན་ཏུ་མང་། དཔེར་ན་གཏོ་ལུང་གི་གྲོང་ཤུལ་དང་ཞིང་རྨོས་ཤུལ། ལྕམ་ལ་ལུང་པའི་མཁར་ཤུལ་དང་གྲོང་ཤུལ། མཁར་ཉ་ཡུལ་ཤོག་གི་ཅོག་སྟེང་བརྒྱད་ཅུའི་གྲོང་ཤུལ་དང་། གཞི་རིང་རོ་ཉ་གྲོང་བའི་རྒྱབ་ལོག་གི་ཁུ་ཡོ་བརྒྱད་ཅུ་གྲོང་པའི་ཤུལ། གཞི་རིང་དགོན་རྙིང་དགོན་ཤུལ། སྡེ་ཆ་དགོན་པའི་ཤུལ། སྤོ་ཕྲོང་གཡུང་དྲུང་གི་དགོན་ཤུལ། ཡར་སྡེ་ཁྲོ་ཚང་དགོན་པའི་ཤུལ། གཞན་ཡང་རྦ་དག་དང་ངུར་མེ་སོགས་སུའང་ཁང་ཤུལ་དང་ཞིང་ཤུལ་གྲོང་ཚོའི་ཤུལ་མང་པོ་མཐོང་དུ་ཡོད། འོན་ཀྱང་གནའ་ཤུལ་མང་པོ་ཞིག་ད་དུང་ཞིབ་འཇུག་བྱེད་ཐུབ་མེད་པས་ལོ་ཚིགས་སོགས་གསལ་བོ་བཤད་དཀའ།
བརྒྱད་པ། གནའ་མཁར་ངོ་སྤྲོད།
དཀར་མཛེས་ཁུལ་རོང་བྲག་རྫོང་སྤྲོ་སྣང་ན་གནའ་མཁར་བརྒྱད་ཟུར་མ་ཞིག་གསར་རྙེད་བྱུང་ཡོད་པ་ལ་ལོ3800ལྷག་གི་ལོ་རྒྱུས་ཡོད་པར་བཤད། བྲག་མགོའི་སྙི་པ་ར་ཁོག་གི་མཁར་ཤུལ་ཁ་ཤས་དུས་རབས་བཅུ་གསུམ་པའི་སྐབས་སུ་ཧོར་དམག་གིས་བརླགས་པར་བཤད་པ་ལྟར་ན། མ་མཐའ་ཡང་དུས་རབས་བརྒྱད་ནས་དགུ་ཡས་མས་ལ་བཞེངས་ཡོད་སྙམ། གཞན་ཡང་སྙི་ཁོག་གི་རི་མཐོ་ས་ཚང་མ་ལ་མཁར་ཆུང་གི་ཤུལ་མང་པོ་ཡོད། དེ་ནི་གནའ་བོ་སྲུང་མ་དང་གཞི་བདག་མཆོད་ས་དང་། ཡང་ན་སོ་བ་འདུག་ས་ཡིན་པར་བཤད། འོན་ཀྱང་དེ་དག་གི་ལོ་ཚིགས་གསལ་བོ་བཤད་དཀའ། གཞན་ཡང་བྲག་མགོའི་ལུང་པའི་ཁང་པ་ཕལ་ཆེ་བའི་ཟུར་དུ་མཁར་ཆུང་རེ་བཞེངས་སྲོལ་ཡོད་པ། དེ་ནི་དགྲ་རྫོང་དང་ཡང་ན་མཆོད་ཁང་སོགས་ཅི་རིགས་རེད།
དགུ་པ། གནའ་རྫས་རྒྱུ་ཆ་སྐོར།
ཞིབ་འཇུག་པས་བསྡོམས་རྩིས་ལྟར་ན། བྲག་མགོ་རྫོང་ཁོངས་སུ་གཏོགས་པའི་གནའ་ཤུལ28དང་། རིག་དངོས1800ཙམ་ཡོད་པར་བཤད། དེ་ལས་མཁར་གསར་གནའ་ཤུལ་གཅིག་པུ་ནང་དུ་དུར་སྒམ275ཙམ་ཡོད་པ་དང་། དེ་ལས་ཅུང་ཙམ་སྐད་གྲགས་ཆེ་བ་ནི་གཡེར་ནང་གནའ་ཤུལ། མཁར་གསར་གནའ་ཤུལ། རྦ་པེའུ་གནའ་ཤུལ། ངུར་མེ་གནའ་ཤུལ། རྫོང་ར་བྱ་མཁར། གྷ་ར་གྲོང་གནའ་ཤུལ་སོགས་ཡིན། དེ་དག་གི་གནའ་རྫས་ལ་རྡོ་ཆས་གསར་རྙིང་དང་ལི་ཆས། རུས་ཆས། གྱོན་ཆས། རྫ་ཆས། ལྕགས་ཆས། ཟངས་ཆས། བྱུ་རུ་དང་གཡུ། མི་ཏིག་དང་དངུལ་སོགས་གནའ་རིག་དངོས་གྲངས་མེད་བྱུང་། དཔེར་ན་རྡོ་ཆས་ལའང་རྡོ་ཆས་ཞིབ་མོ་དང་རྡོ་ཆས་རྣམ་འཐགས། ལག་རྡུང་རྡོ་ཆས་སོགས་ཡོད་པར་མ་ཟད། དུས་ཚིགས་ཡ་མཐའ་མི་ལོ་ཁྲི་བཅུ། མ་མཐའ་དུས་རབས་བདུན་ནམ་བརྒྱད་པ་བར་གྱི་ལོ་རྒྱུས་ཡོད།
བཅུ་པ། དགོན་པའི་རིག་གནས།
དགོན་པ་ནི་དང་པོ་འདུ་གནས་དང་རི་ཁྲོད། ཡང་ན་ཁྱིམ་ཚང་གི་ལྷ་མཆོད་ས་ཉིད་རིམ་བཞིན་དགོན་པར་འགྱུར་བ་ཞིག་ཡིན་པའི་བདེན་དཔང་མང་པོ་ཡོད། བྲག་མགོ་རྫོང་ཁོངས་ན་དགོན་པ་ཉི་ཤུ་རྩ་གཉིས་ཡོད། དེ་ལས་བོན་དགོན་གསུམ་དང་རྙིང་མ་བཅུ་གསུམ། དགེ་ལུགས་ལྔ། ས་སྐྱ་གཅིག་བཅས་ཁྱོན22ཡོད། ཡང་ན་ཇོ་དགོན་གཉིས་དང་སེར་དགོན་ཉི་ཤུ་སྟེ་ཁྱོན་ཉི་ཤུ་རྩ་གཉིས། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་བསྒྲིགས་པའི་དགོན་པའི་ལོ་རྒྱུས་ལྟར་ན། བྲག་མགོ་རྫོང་ཁོངས་ཀྱི་དགོན་པའི་ལོ་རྒྱུས་ཡ་མཐའ་དུས་རབས་བདུན་པར་འགྲོ་ཐུབ་པ་དང་། མ་མཐའ་དུས་རབས་ཉི་ཤུ་པའི་དུས་སྟོད་ཙམ་ཡིན་པར་ཤེས་ཐུབ།
བཅུ་གཅིག། ཐུའུ་སི་ངོ་སྤྲོད།
ཐུའུ་སི(土司)ཞེས་པ་ནི་ས་གནས་ཀྱི་དཔོན་པོའམ་རྒྱལ་པོ་ལ་ཟེར། ཡོན་རྒྱལ་རབས་སྐབས་ནས་ཐུའུ་སིའི་ལམ་ལུགས་གསར་འཛུགས་བྱས་ཏེ་མཐོ་སྒང་གི་ཡུལ་གྲུ་མང་པོ་ཡོན་ནམ་ཧོར་གྱིས་དབང་བསྒྱུར། མིང་རྒྱལ་རབས་སྐབས་ནས་ཐུའུ་སིའི་ལམ་ལུགས་ཡར་རྒྱས་བཏང་ཏེ་ཐུའུ་སི་རིམ་པ་མང་པོ་བྱུང་། ཆིན་རྒྱལ་རབས་སྐབས་སུ་མུ་མཐུད་དུ་ཐུའུ་སིའི་ལམ་ལུགས་དེ་བེད་སྤྱོད་བྱས། ཆིན་རྒྱལ་རབས་མཇུག་ཙམ་ནས་ཐུའུ་སིའི་ལམ་ལུགས་བསྒྱུར་བཅོས་བཏང་ཏེ་ནུས་པ་མེད་པར་བཟོས། བྲག་མགོ་རྫོང་ལ་ཐུའུ་སི་ཆེན་པོ་གསུམ་ཡོད། བྲག་འགོ་ཐུའུ་སི་དང་ཏྲེ་ཧོར་ཐུའུ་སི་གཉིས་ཀ་ཏྲེ་ཧོར་གྱིས་བཙུགས་པའི་དཔོན་པོ་ཡིན། 1728ལོར་ཆིན་རྒྱལ་རབས་ཀྱིས་ཐུའུ་སི་ཨན་ཧྥུའུ་སིའི(安抚司)གོ་གནས་རྩལ་ཏེ་བྲག་མགོ་ཡུལ་གྲུ་དག་ལ་དབང་བསྒྱུར། དགེ་བཤེས་ཙ་ནི་མིང་རྒྱལ་རབས་སྐབས་ཀྱི་ཐུའུ་སི་ཡིན། ཆིན་རྒྱལ་རབས་སྐབས་སྟེ་སྤྱི་ལོ1700ལོར་ཆིན་རྒྱལ་རབས་ལ་མགོ་བཏགས་ཤིང་ཨན་ཧྥུའུ་སིའི(安抚司)གོ་གནས་བསྩལ། དགེ་བཤེས་རྒྱལ་པོ་ཚང་དང་པོ་རོང་བྲག་ན་ཡོད། དུས་རབས་བཅུ་དྲུག་པའི་མཇུག་ཙམ་ནས་རྟའུ་དགེ་བཤེས་ཡུལ་ཤོག་ཏུ་ས་སྤར། དུས་རབས་བཅུ་བདུན་པའི་དུས་སྟོད་ཙམ་ནས་བྲག་འགོ་རྒྱལ་རྗེ་གྲོང་པར་སྤར་ཏེ་བྲག་འགོ་དཔོན་དང་གཉེན་བསྡེབས། དུས་རབས་བཅོ་བརྒྱད་པའི་མཇུག་ཙམ་ནས་རོང་བྲག་ལ་རྒྱུན་སྡོད་བྱས།
བཅུ་གཉིས་པ། དམར་དམག་གསར་བརྗེ་རིག་གནས། །
སྤྱི་ལོ1936ལོའི་ཟླ3པའི་ཚེས7ཉིན། དམར་དམག་ཁམས་བྲག་མགོར་སླེབས་པར་མ་ཟད། ལོ་ཕྱེད་ཀྱི་རིང་ལ་ངལ་གསོ་དང་དམར་དམག་རྨས་པ་རྣམས་ལ་སྨན་བཅོས། ཟ་འབྲུ་སོགས་གྲ་སྒྲིག་བྱས། དེ་དུས་ཀྱི་བྲག་མགོ་ནི་འབྲུ་ནས་ཀྱི་བང་མཛོད་ཡིན་པས་དམར་དམག་ལ་མར་རྩམ་དང་ལྤགས་རིགས་སོགས་ཀྱི་རོགས་སྐྱོར་མི་ཉུང་བྱས་པ་སྨོས་མ་དགོས། ནང་དོན་དྲུག་གི་ཁོངས་སུ་བསྡུས་ནས་ངོ་སྤྲོད་མདོར་ཙམ་ཞུས་ན།
གཅིག། འབྲི་རིགས་ཀྱི་རྒྱབ་སྐྱོར་བྱས་པ། དེ་དུས་ཀྱི་བྲག་འགོ་ནི་མི་གྲངས་ཁྲི་གཉིས་ལས་མི་བརྒལ་བའི་རྫོང་ཆུང་ཆུང་ཞིག་ཡིན་ནའང་། ས་དེའི་རང་བྱུང་གི་ཆ་རྐྱེན་བཟང་ཞིང་། འབྲུ་འབེབས་ཧ་ཅང་ཕྱུག་པའི་གནས་ཤིག་ཡིན་པས། ཁམས་བྱང་གི་འབྲུ་མཛོད་ཞེས་མཚན་སྙན་རྒྱས། དེའི་དབང་གིས་དམར་དམག་ཁྲི་བརྒྱད་ཙམ་ལ་ལོ་ཕྱེད་རིང་གི་འབྲུ་རིགས་མཁོ་སྤྲོད་བྱས་ཐུབ་པ་རེད་སྙམ།
གཉིས། དམག་དང་འབངས་མིའི་བར་གྱི་བརྩེ་བ་འོ་ཆུ་ལྟར་འདྲེས་པ། དེའི་དུས་དམར་དམག་ཡུལ་འདིར་སླེབས་གོང་ལ་གོ་མིན་སྲིད་གཞུང(国民政府)སོགས་ས་གནས་དབང་བསྒྱུར་གྲལ་རིམ་གྱིས་བར་ཆད་མང་པོ་བཟོས་ནའང་། མཐར་དམར་དམག་བྲག་མགོར་ཐོན་ཐུབ་པར་མ་ཟད། མི་འགྱང་བར་ཡུལ་མི་རྣམས་ཀྱི་དགའ་བསུ་ཐོབ་ཏེ། དམག་དང་འབངས་ཀྱི་བརྩེ་བ་ཆགས་ཤིང་། དམར་དམག་གི་གསར་བརྗེ་རྒྱལ་ཁ་ཐོབ་པ་ལ་རྨང་གཞི་བརྟན་པོར་ཆགས། དཔེར་ན་དམར་དམག་གི་སྤྱི་ཁྱབ་དམག་དཔོན་ཆེན་པོ་ཀྲུའུ་ཏི་ལགས་བྲག་མགོར་སླེབས་པ་ནས། སྒྲིག་ལམ་གསར་པ་བཞི་བཞག། གཅིག་ནི་ས་གནས་སྲོལ་རྒྱུན་རིག་གནས་ལ་བརྩི་བཀུར་བྱེད་དགོས་པ་དང་། གཉིས་བོད་མའི་སྡོད་གནས་དང་འཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་ཚུལ་དང་། གསུམ་བོད་མི་རྣམས་ཁྱིམ་དུ་མེད་སྐབས་གང་མོས་ཁོ་ཚོའི་ཁང་བར་འཛུལ་མི་ཆོག་པ་དང་། བཞི་བོད་མིའི་ནོར་ཕྱུག་ལ་བདག་སྐྱོང་བྱེད་དགོས་པ་བཅས་སོ།།
གསུམ། ས་གནས་ཀྱི་བོད་པ་སྲིད་གཞུང་གསར་འཛུགས་བྱས་པ། 1936ལོ་ཟླ4ཚེས15ཉིན། དམར་དམག་གི་རྩ་འཛུགས་འོག་བྲག་མགོ་ལ་ཆུས་དང་ཡུལ་ཤོག་རིམ་པའི་སྲིད་གཞུང་བཙུགས་ཏེ། མིང་ལ་བོད་པ་སྲིད་གཞུང་བཏགས། འདི་ནི་འབངས་མི་རང་གི་སྲིད་གཞུང་ཡིན། དེའང་ཆུས་རིམ་པའི་སྲིད་གཞུང་གཉིས་སྟེ་ཏྲེ་བོ་དང་བྲག་འགོ་དུ་ནག་གཉིས་ཡིན། ཤང་རིམ་པའི་བོད་པ་སྲིད་གཞུང་བདུན་སྟེ། ཉི་མོ་ཡི་ཤ་བ་ཐང་དང་སྲིབ་མོའི་རྦ་དག། ཡར་སྡེ་ཡུལ་ཤོག་གི་བ་ཀི་དང་སྙི་པ་ཡུལ་ཤོག་གི་པ་མདའ། ཏྲེ་བོ་བྱང་ཆུབ་གླིང་དང་ཅོག་རི་མཚོ་འགོ་བཅས་ཡིན་པར་མ་ཟད་དེ་དག་ཏུ་ན་གཞོན་གསར་བརྗེ་པ་མང་པོ་གསོ་སྐྱོང་བྱས།
བཞི། དམར་དམག་བྲག་མགོ་ནས་བྱང་དུ་བརྒྱུད་དེ་དགྲ་འཁྲུགས་ལ་ངོ་རྒོལ་བྱས། 1936ལོ་ཟླ4པའི་ནང་དམར་དམག་གིས་བྲག་འགོའི་འདུ་ཚོགས་ཞེས་པ་ཞིག་བྲག་མགོ་ལ་འཚོགས། མིང་ལ་བྲག་མགོའི་ཚོགས་འདུ་ཞེས་བཏགས། འཚོགས་འདུའི་སྙིང་དོན་ཀྲང་གོ་ཐོའོ་ཡི་གསར་འཛུགས་སྲིད་གཞུང་གཏོར་ཏེ། དམག་དཔུང་བྱང་དུ་བརྒྱུད་ནས་དགྲ་བོར་ངོ་རྒོལ་བྱེད་པའི་གྲོས་ཐག་ཆོད།
ལྔ། དམར་དམག་སློབ་གྲྭ་ནི་དམར་དམག་གི་རིག་གནས་བྱེད་སྒོ་སྤེལ་བའི་ཚོགས་པ་ཞིག་ཡིན། ཁོ་ཚོ་བྲག་མགོར་དམར་དམག་གསར་བརྗེ་རིག་གནས་ཀྱི་བྱེད་སྒོ་དུ་མ་སྤེལ་ཏེ། མི་རིགས་མཐུན་སྒྲིལ་དང་། རྒྱལ་གཅེས་ཆོས་གཅེས། སྤྱི་ཚོགས་བདེ་འཇགས་སོགས་ལ་ཕན་ཐོགས་བྱུང་བར་མ་ཟད། དམག་དང་འབངས་བརྩེ་བ་ཇེ་ཟབ་ཏུ་སོང་བ་དང་། གསར་བརྗེ་བ་མང་པོ་གསོ་སྐྱོང་བྱེད་ཐུབ་པ་སོགས་མཛད་རྗེས་བླ་ན་ལྷག།
དྲུག། བྲག་མགོ་སྡེ་འབངས་རྣམས་བོད་པ་སྲིད་གཞུང་གི་གོ་སྒྲིག་དང་དམར་དམག་གི་རེ་བ་ལྟར་ལུས་དང་སྲོག་ལ་མ་འཛེམས་པས་དམར་དམག་རྨས་མ་དང་དམར་དམག་ཤུལ་འདུག་ཁྱིམ་ཚང་དག་སྲུང་སྐྱོབ་བྱས་པར་མ་ཟད། འགའ་ཞིག་དེའི་ཆེད་དུ་ལུས་སྲོག་ཀྱང་ཤོར་བའི་ལོ་རྒྱུས་ཡོད།
རྩོམ་པ་པོ། ཚེ་རིང་ནོར་བུ།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10