2025-09-04
སྤྱི་ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། དམག་གཟིགས་མཛད་སྒོ་གཟབ་རྒྱས་ཀྱི་ཐོག་ནས་འཛམ་གླིང་གི་མི་དམངས་དང་མཉམ་དུ་རླབས་ཆེན་གྱི་ཉིན་མོ་འདིར་དྲན་གསོ་བྱས་ནས་ཐུན་མོང་ཐོག་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་རྒྱུ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་འབྲེལ་དམག་དཔུང་རུ་བསྟར་ལ་གཟིགས་ཞིབ་གནང་བ་རེད།
ཁུལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བརྙན་འཕྲིན་དང་། དྲ་བ། ལག་འཕྲིན་སོགས་ཀྱི་སྟེང་ནས་དྲན་གསོའི་ཚོགས་ཆེན་གྱི་ཡུལ་དངོས་ཐད་གཏོང་ལ་བལྟས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ནན་ཏན་གྱིས་ཉན་པར་མ་ཟད། སྤྲོ་སེམས་ཁེངས་པའི་སྒོ་ནས་དམག་གཟིགས་མཛད་སྒོར་བལྟས་པ་རེད།
ཐེངས་འདིའི་དམག་གཟིགས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་པའི་དམག་གཟིགས་ཐེངས་དང་པོ་ཡིན་པ་དང་། མི་དམངས་དམག་དཔུང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་དེ་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་རྣམ་པ་གསར་རྐྱང་ཞིག་ཡིན། ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་དང་མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དུས་རབས་གསར་པར་རྒྱུན་མཐུད་བརྒྱུད་འཛིན་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན། འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ལྟ་བ་ཡང་དག་པ་དར་སྤེལ་གཏང་རྒྱུ་མཐའ་འཁྱོངས་དང་། འཁྲུག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་གསལ་སྟོན་གཟབ་ནན་ཞིག་རེད། ལས་བྱེད་པ་དང་མང་ཚོགས་ཚོས་ཚོགས་ཆེན་ལ་བལྟས་རྗེས་སྤོབས་པ་ཆེན་པོ་དང་སྐུལ་ལྕག་ཆེན་པོ་ཐེབས་ནས་ད་ཐེངས་ཀྱི་དམག་གཟིགས་མཛད་སྒོ་ནི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་གཏོང་བའི་མཛད་སྒོ་གཟི་བརྗིད་ལྡན་པ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་ཟིལ་ཤུགས་དང་དམག་དཔུང་གི་ཟིལ་ཤུགས་མངོན་པ་དང་། ཞི་བདེའི་སྟོབས་ཤུགས་མངོན་པར་བྱེད་པའི་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་ཤིག་ཡིན་ཞིང་། ལོ་རྒྱུས་ལ་ཕྱིར་ལྟ་ཞིག་དང་འབྱུང་འགྱུར་གྱི་ཁྱབ་བསྒྲགས་ཤིག་ཀྱང་ཡིན། ཚང་མས་རླབས་ཆེན་གྱི་ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་དེ་རྫོགས་མཐའ་མེད་པའི་སྒུལ་ཤུགས་སུ་བསྒྱུར་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་འགན་འཁྲི་ཧུར་ཐག་ཁུར་ནས་བྱས་རྗེས་བཞག་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཀྱི་ལེའུ་གསར་པ་ཤུགས་ཡོད་རྒུས་བརྩམ་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་ཆེན་གྱི་ཐད་གཏོང་ལ་གཟིགས་རྗེས། ཏང་མི་སྤྱིར་བཏང་བ་ཞིག་གི་ཐོབ་ཐང་ཐོག་ནས་ཏང་ཀྲི་པུའུ་ཡི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོར་ཞུགས་ནས་རང་ཉིད་ཀྱི་མྱོང་ཚོར་བགོས་རོལ་གནང་བ་རེད། ཁོང་གིས་ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་ལས་རྒྱལ་ཁ་རླབས་ཆེན་ཐོབ་པ་ནི་ཀྲུང་ཧྭ་མི་རིགས་ཉེ་རབས་ནས་བཟུང་ཉམས་ཉེན་ཚབས་ཆེན་གྱི་གནས་སུ་གྱུར་པའི་འགྲོ་ཕྱོགས་ནས་བསྐྱར་དར་རླབས་ཆེན་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས་ཤིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲན་གསོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁོང་དུ་ཆུད་པ་བྱས་ནས། རླབས་ཆེན་གྱི་རྒྱལ་ཁ་ཁྲོད་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་བསྡུས་ཏེ། ལོ་རྒྱུས་བློར་བརྟན་པོར་ངེས་པ་དང་། ཡིད་ཆེས་བརྟན་པོ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དང་ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་སྟེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ། རང་རྟོགས་ངང“འདུ་ཤེས་བཞི”ཇེ་ཆེར་གཏོང་བ་དང་། “ཡིད་ཆེས་བཞི”བརྟན་པོར་སྲུང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་གསུངས་པ་རེད།།
ལོ་ཙཱ། ཨོ་རྒྱན།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10