རིག་བསྟན་གྱིས་བྲིས། 2025-05-20
{ ནང་དོན་གནད་བསྡུས།} དེ་ཡང་བོད་རང་གི་སྐད་དང་ཡི་གེ། བརྡ་སྤྲོད་རིག་པ། ཁམས་དང་དབང་པོ། དུས་ཚོད་བཅས་ལ་མཐུན་པའི་དཔེ་ཆ་ཁོ་ནས་བརྩམས་པའི་བཅུ་ཕྲག་རིག་པའི་གནས་ཀྱི་ངོ་སྤྲོད་བཤད་ན། ནང་དོན་རིག་པ་དང་། ཚད་མ་རིག་པ། གསོ་བ་རིག་པ། སྙན་ངག་རིག་པ། སྐར་རྩིས་རིག་པ་བཅས་ཆ་ཚང་བ་དང་། དེ་མིན་གྱི་བཟོ་རིག་པ་དང་། བོད་ཀྱི་སྒྲ་རིག་པ། སྡེབ་སྦྱོར་རིག་པ་དང་། མངོན་བརྗོད་རིག་པ། ཟློས་གར་རིག་པ་བཅས་ཀྱང་སྤྱི་ལོ༡༩༧༨ནས་༢༠༡༨བར་དུགསར་དུ་བརྩམས་ནས་འཕེལ་རྒྱས་ཕུན་སུམ་ཚོགས་པ་བྱུང་ཚུལ་སྐོར་ལ་དཔྱད་པ་བཏང་བའི་གནས་ཚུལ་བཤད་པ། { གནད་ཚིག} རིག་པའི་གནས་ཆེན་ལྔ། རིག་པའི་གནས་ཆུང་ལྔ།
{ཀྲུང་གོའི་དཔེ་དེབ་དབྱེ་རྟགས།} G127 {ཡིག་ཆའི་མཚོན་རྟགས།} A {རྩོམ་ཡིག་ཨང་རྟགས།} 1002-9060-2024-03-0078-16
དེ་ཡང་ཁྱད་པར་དུ་བོད་གངས་ཅན་གྱི་ལྗོངས་ལ་རིག་གནས་ཇི་ལྟར་དར་བའི་ཚུལ་ནི། གངས་རིའི་ལྗོངས་འདིར་བཅུ་ཕྲག་རིག་གནས་ཕྱོགས་བསྡུས་དང་ཕྱོགས་བསྡོམས་བྱེད་པ་པོ་ནི་ས་སྐྱ་པཎྜི་ཏ་ཡིན་ལ། ཆོས་རྗེ་ས་པཎ་གྱི་སྔོན་དུ་རིག་གནས་གཏན་ནས་མེད་པ་ཨེ་རེད་ཅེ་ན། དེ་ཡང་མ་རེད། དེའི་སྔོན་དུ་བོན་ཆོས་ཀྱི་རིག་གནས་ཆ་ཚང་བ་དང་སངས་རྒྱས་ཆོས་ལུགས་ལ་ཐེག་པ་གསུམ་གྱི་ཆོས་དང་རིག་གནས་འགའ་ཤས་ཙམ་གྱི་འགྱུར་དང་བཅས་པ་བཤད་ཡོད་མོད་ཀྱང་། དཔེར་ན་རིན་པོ་ཆེ་དབྱིབས་དང་ཁ་དོག་ཕུན་སུམ་ཚོགས་པའི་མཛེས་པ་དང་ལེགས་པོ་མང་པོ་ཡོད་ཀྱང་། བུག་པ་མ་ཕུག་བར་དུ་སྲད་བུའམ་སྐུད་པ་བརྒྱུ་ས་མི་ནུས་པས། མཛེས་པའི་སྐེ་རྒྱན་ཕྲེང་བ་བྲང་ཐོག་ཏུ་གཞན་ལ་ངོམ་ག་ལ་སྲིད། དཔེ་དེ་བཞིན་དུ་བཟོ་བོ་མཁས་པས་རྡོ་རྗེ་ཕ་ལམ་ལྟ་བུས་བུག་པ་ཕུག་ན་སྲད་བུའམ་སྐུད་པ་འཇམ་པོས་ཕྲེང་བར་སྦྲེལ་ནས་མགྲིན་པའི་རྒྱན་དུ་བྱེད་ཐུབ་པ་ནང་བཞིན་དུ། ཤིན་ཏུ་རྟོགས་དཀའ་བའི་རིག་པའི་གནས་བཅུའི་བརྗོད་དོན་ཟབ་མོ། མཁས་པར་གྲགས་པ་རྣམས་ཀྱང་བློ་གྲོས་ཐོགས་མེད་དུ་འཇུག་པར་མ་ནུས་ལ། བདག་ཉིད་ཆེན་པོ་འདིའི་སྐྱེས་སྟོབས་ཀྱི་ཤེས་རབ་དང་། སྦྱངས་སྟོབས་ཀྱི་ཡོན་ཏན་ལ་བརྟེན་ནས། དེ་དག་གི་དོན་གཏན་ལ་ཕབ་སྟེ་ཕྱོགས་བསྡུས་དང་ཕྱོགས་བསྡོམས་ཀྱི་བསྟན་བཅོས་ཀྱི་གྲངས་ཀ་བཅུའི་ལམ་སྲོལ་གསར་དུ་ཕྱེ་ནས། དེའི་ཞལ་སློབ་དང་། ཡང་སློབ། ཉིང་སློབ་སོགས་ཀྱིས་བརྒྱུད་སྤེལ་བྱས་ཤིང་ད་ལྟའི་བར་དུ་རིག་གནས་མཐའ་དག་གི་གཞུང་དང་ལག་ལེན་བཅས་མ་ཉམས་པར་རྒྱུན་བཞུགས་པས་ལྗོངས་འདིར་རིག་གནས་ཀུན་ལ་སྦྱངས་པའི་མཁས་པ་རྣམས་ལའང་འཕགས་ཡུལ་བ་ལྟར་པཎྜི་ཏ་ཞེས་པའི་མཚན་གྱི་ཅོད་པན་སྒྲོན་དུ་ཡོད་པ་འདིས་ཀྱང་རང་གི་མི་རིགས་འདི་ཉིད་གཟི་བརྗིད་ཅན་ཞིག་ལ་བསྒྱུར་ཡོད་པ་ཡིན་ནོ། །
སྟག་ཚང་ལོ་ཙཱ་བའི་རིག་གནས་ཀུན་ཤེས་ལས། སྒྲ་དང་སྙན་ངག་སྡེབ་སྦྱོར་མངོན་བརྗོད་དང་། །ཟློས་གར་རྣམས་ལ་རིག་གནས་ཆུང་ངུའམ། །ཐ་སྙད་རིག་པའི་གནས་ལྔར་གྲགས་པ་རྣམས། །ཆོས་རྗེ་ས་པཎ་ཡན་ལ་མ་དར་ཞིང་། །ཐར་ལོ་ཡན་ལ་སྒྲ་མདོ་འགྱུར་བ་མེད། །ཅེས་པ་ལྟ་བུ་ཡིན་ཞིང་། དེ་ཡང་ས་པཎ་ཞལ་གསུང་ང་བརྒྱད་མ་ལས་ཀྱང་། །སྒྲ་བ་ང་ཡིན་རྟོག་གེ་བ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད། །སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་། །དུས་སྦྱོར་ངས་ཤེས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་།།དེ་འདྲ་གང་ཡིན་ས་སྐྱ་པ་སྟེ་མཁས་པ་གཞན་དག་གཟུགས་བརྙན་ཡིན། །ཞེས་གསུངས་པ་ལྟར་རིག་གནས་ཆེ་ཕྲ་ཀུན་ལ་མཁས་པའི་རྩེར་སོན་པ་ཡིན་པར་ཁོང་ཉིད་ཀྱིས་ཞལ་གྱིས་བཞེས་ཡོད་པ་ལས་ཀྱང་རིག་པའི་གནས་ལྔ་ཙམ་དུ་མ་ཟད་བཅུ་ཕྲག་རིག་པའི་གནས་རྣམས་ཐོག་མར་སྲོལ་གསར་དུ་སྒོ་ཕྱེ་སྟེ་ཕྱོགས་བསྡུས་མཛད་པ་པོ་ནི་ཁོང་ཡིན་པ་གཏན་ཁེལ་མཛད་མོད་། འོ་ན་ཁོང་གིས་དུས་ནམ་ཞིག་ལ་སྲོལ་འབྱེད་པ་རེད་ཅེ་ན། དེ་ནི་བོད་རབ་བྱུང་གསུམ་པའི་ཤིང་སྦྲུལ་ལོ་སྟེ་སྤྱི་ལོ༡༡༨༥ལོར་གསར་དུ་ཕྱོགས་བསྡུས་བྱས་ཏེ་སྲོལ་གཏོད་པ་ཡིན་ནོ། །གཞན་ཡང་མི་ལ་ལས་བལྟས་ན་ས་སྐྱ་པཎྜི་ཏ་ནི་ང་རྒྱལ་ཆེན་པོ་ཞིག་རེད་བསམ་མཁན་ཡང་ཡོད་སྲིད་མོད། འོན་ཀྱང་དེ་འདྲ་ཞིག་མིན་ཏེ། ཇི་སྐད་དུ། མཁས་པའི་ང་རྒྱལ་གཏན་ཚིགས་ཁོང་ནས་ཤར། །ཁེངས་པར་སྣང་ཡང་རང་བཞིན་དུལ་བས་ན། །ཆོས་ཀྱི་མཆོད་སྡོང་ནམ་ཡང་དམོད་མི་བྱ། །ཡང་དག་ཐོས་པའི་དོན་ལ་བསྟེན་པར་མཛོད། །ཞེས་པ་ལྟར། ངེས་པ་དོན་གྱི་མཁས་པ་ཆེན་པོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གིས་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད་པ་རྣམས་བོད་མི་ཚང་མས་ཤེས་རྒྱུ་དེ་ཆེས་གལ་ཆེན་པོ་ཡིན། རིག་གནས་དེ་དག་གི་བརྗོད་དོན་རེ་རེ་ནས་ཤེས་འདོད་ན་གཤམ་གསལ།
དང་པོ། རིག་པའི་གནས་ཆེན་ལྔ་ལ་རགས་ཙམ་དཔྱད་པ།
༡ བཟོ་རིག་པ། སྤྱིར་བཟོ་རིག་པ་ཞེས་པ་ནི་བཟོ་དང་སྒྱུ་རྩལ་ལ་སོགས་པ་མཁས་པར་བྱ་བའི་གནས་ཤིག་ལ་ཟེར་བ་ཡིན་ཞེས་བོད་རྒྱ་ཚིག་མཛོད་ཆེན་པོའི་ནང་དུ་བཤད་ཡོད། དེའི་སྐོར་གྱི་ཡིག་ཆ་ནི་བསྟན་འགྱུར་ཁྲོད་ཀྱི་བཟོ་པ་ཊ་དང་། དུས་འཁོར་གྱི་རྒྱུད་དུ་འབྲུ་མར་གྱི་སྒྱོགས་བཟོ་ཚུལ་དང་། མེ་ཏོག་ལྡུམ་རར་ཆུ་འདྲེན་བྱེད་ཀྱི་ཤིང་གི་སྦུ་གུ་བཟོ་ཚུལ། རྐྱལ་གྲུ་བཟོ་ཚུལ། གསེར་འགྱུར་གྱི་རྩི་གསེར་ཆུ་ལྕགས་དང་ཟངས་ལ་བྱུགས་ཚུལ་དང་། གཞན་ཡང་བེའུ་བུམ། དཀྱིལ་འཁོར་གྱི་ཐིག་རྩ། མཆོད་རྟེན་གྱི་ཐིག་རྩ།ཐང་ག་དང་དེ་མིན་གྱི་སྐུ་གཟུགས་སྣ་ཚོགས་ལ་ཐིག་འདེབས་ཚུལ། རིན་པོ་ཆེ་བརྟག་ཐབས། སྡེབ་སྦྱོར་སྣ་ཚོགས། རྟ་སོགས་དུད་འགྲོ་བརྟག་ཚུལ་སོགས་ཀྱི་དཔེ་ཆ་ཁ་ཤས་ཡོད་པར་བཤད་ཀྱང་ལག་ལེན་ཚུལ་བཞིན་དུ་བྱེད་ཚུལ་གྱི་གཞུང་ལུགས་ཆ་ཚང་བ་ཞིག་ནི་མིག་སྔར་མཐོང་རྒྱུ་དཀོན་པོ་རེད།
སྤྱིར་བོད་ཀྱི་ཐང་ག་འབྲི་ལུགས་ལ་བཤད་ན་ལུགས་སྲོལ་ཅུང་ཟད་མི་འདྲ་བ་འགའ་ཤས་ཡོད་པ་དཔེར་ན། ཇོ་བོ་བཀའ་གདམས་པའི་ལུགས་དང་། དུས་རབས༡༣པའི་ནང་དུ་དར་རྒྱས་བྱུང་བ་བྱེའུ་སྒང་པའི་ལུགས་དང་། དུས་རབས༡༥པའི་ནང་དུ་དར་བའི་སྨན་བླ་དོན་འགྲུབ་རྒྱ་མཚོའི་ལུགས། རྒྱ་ནག་གི་ཐང་རྒྱལ་རབས་དང་སུང་རྒྱལ་རབས་སྐབས་ཀྱི་རི་མོའི་ཉམས་དང་ཚོན་མདངས་སོགས་ལ་ཅུང་ཟད་ཆ་འདྲ་བ་ཀརྨ་སྒར་བྲིས་ལུགས་དང་། གཞན་ཡང་མཁྱེན་བརྩེའི་ལུགས་དང་། ནམ་མཁའ་རྒྱན་གྱི་བྲིས་རྒྱུན་ཁམས་བྲིས་འབུར་མ་དང་། རྡོར་ལུགས་ཀྱི་ཐང་ག་བཅས་འབྲི་སྲོལ་དར་ཡོད་པས་མ་ཚད། དུས་རབས་ཉེར་གཅིག་པའི་ནང་དུ་གསར་དུ་དར་བ་ལྟག་སྤྲུལ་སྐུ་ཨུ་རྒྱན་ཆོས་འཕེལ་ལུགས་ཀྱི༼སྣང་གསལ་ཐང་ག༽དང་ངོ་མཚར་ཡིག་གཟུགས་དང་།ཁོ་བོས་གསར་དུ་སྔོག་འདོན་དང་ཕྱོགས་བསྒྲིགས་བྱས་པ༼བོད་དམངས་ཁྲོད་རིག་གནས་ཀྱི་གསར་སྐྲུན་མཚོན་བྱེད་བརྡ་རྟགས་ཀྱི་རང་འགྲེལ།༽སྒྱུ་རྩལ་སོགས་ཀྱི་ཐོན་རྫས་ཀྱི་དམངས་ཁྲོད་ཐང་ག་དང་རིག་ལུགས་ཀྱི་བོད་ཡིག་ལངས་གཟུགས་འབྲི་རྩལ་བཅས་ཀྱང་དར་རྒྱས་འགྲོ་དང་འགྲོ་བཞིན་པ་དངོས་མཐོང་ལག་ཟིན་རེད། ཡང་དཔེར་ན། མཚོ་སྔོན་གྱི་རེབ་གོང་གི་སྒྱུ་རྩལ་ལ་མཚོན་ན་སྤྱི་ལོ༢༠༠༦ལོར་རྒྱལ་ཁབ་ཀྱི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་རྒྱུའི་ནང་དུ་ཚུད་པར་མ་ཟད། སྤྱི་ལོ༢༠༠༩ལོར་འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་ནང་དུའང་ཚུད་ཡོད་པ་ལྟ་བུའོ། །
སྤྱིར་བོད་ཀྱི་ཐང་གའི་ཚོན་མདངས་ལ་དབྱེ་ན། ཚོན་ཐང་དང་། གསེར་ཐང་དང་། ནག་ཐང་། མཚལ་ཐང་།སྐྱ་རིས་ཐང་ག་བཅས་འབྲི་སྲོལ་ཡོད།དེ་དག་གི་རིག་གཞུང་ལ་མཚོན་ན་སྔོན་ཆད་ཐང་ག་འབྲི་སྐབས་ལྷའི་ཐིག་རྩ་བློ་ལེན་བྱེད་རྒྱུའི་ཡི་གེ་ལྡེབ་མ་འགའ་ཤས་ཙམ་མ་གཏོགས་བཟོ་རིག་པའི་གཞུང་ལུགས་ཀྱི་དཔེ་ཆ་ཞིག་གོང་ཞུས་ལྟར། མིག་སྔར་བོད་རང་ལ་མེད་པས་རྐྱེན་གྱིས་སྤྱི་ལོ༡༩༩༤ལོར་བོད་ཀྱི་བཟོ་རིག་པའི༼བཟོ་གནས་སྐྲ་རྩེའི་ཆུ་ཐིགས།༽ཞེས་པ་ཞིག་མཁས་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་གསར་བརྩམས་མཛད་ནས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས།ད་གཟོད་བོད་ལ་བཟོ་རིག་པའི་གཞུང་ལུགས་མེད་པ་དེ་ཁ་སྐོང་བྱེད་ཐུབ་ཡོད། དེ་རྗེས་ཁོང་གིས་བརྩམས་པའི༼བཟོ་རིག་ལ་འཇུག་པའི་སྒོ།༽དང་། ༼བཟོ་རིག་ཕྱོགས་བསྒྲིགས་རིན་ཆེན་སྒྲོམ་བུ་ཞེས་བྱ་བ།༽ཡང་རྩོམ་སྒྲིག་མཛད་ཡོད་པས་མ་ཚད། སྤྱི་ཚོགས་ཀྱི་འཚོ་བའི་དགོས་མཁོ་དང་བསྟུན་ནས༼བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ༽ཞེས་པ་སྟོད་ཆ་དང་སྨད་ཆའི་དེབ་གཉིས་སྤྱི་ལོ༢༠༡༠ལོའི་ཟླ༧པའི་ནང་དུ་བརྩམས་ནས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས། དེབ་འདིའི་ནང་དོན་གཙོ་བོ་ནི་རྡོ་བཟོ་དང་། ཤིང་བཟོ། ལྕགས་བཟོ། དངུལ་བཟོ། གསེར་བཟོ། ལྷ་བཟོ། འཇིམ་བཟོ། འཚེམ་དྲུབ། འཐག་དྲུབ།གསེར་རྩི་རྒྱག་ཚུལ། ཚོན་རྩི་བྱུག་ལུགས། དཔར་རྐོ་སྟངས། ཡུལ་ཐབས་ཀྱི་ཨར་ལས། འདམ་ལས། སྣམ་ཕྲུག་དང་ཐེར་མ་བཟོ་ཚུལ། ས་གདན་དང་ཁ་གདན་འཐག་ཚུལ། ཀོ་པགས་དང་ཚ་རུ་སོགས་མཉེད་ལུགས། བལ་གྱིས་སྟན་དང་ཕྱིང་བ་འཇོག་ལུགས་སོགས་ཀྱི་ལག་རྩལ་སྐོར་ཆ་ཚང་བ་པར་རིས་དང་བཅས་པ་སྲོལ་རྒྱུན་ལྟར་བྲིས་འདུག །གཞན་ཡང་བོད་ཀྱི་ལོ་རྒྱུས་ཀྱི་ཐང་ག་ལ་བྱས་རྗེས་ཅན་གྱི་ལྷ་རིས་པ་རེབ་གོང་བིས་མདོའི་མཁས་པ་བརྩོན་འགྲུས་རབ་རྒྱས་ཀྱིས་མཛད་ནས་སྤྱི་ལོ༡༩༩༩ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི༼ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ།༽ཞེས་པ་དེ་ལ་རྨི༦༠༠ལྷག་ཡོད་པའི་མུ་འབྲེལ་ཐང་ཀའི་རི་མོ་ཁྱད་དུ་འཕགས་པ་སྔར་མེད་འཇིག་རྟེན་ལ་མཐོང་བར་དཀོན་པ་ཞིག་ཡིན་པས་ཅི་ཉི་སི་འཛམ་གླིང་ཟིན་ཐོ་རུ་བཀོད་པ་ལྟ་བུ་ཡིན་ཞིང་། ཡང་ཁོང་གིས་རྩམས་པའི༼བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་ལས་བྲིས་འབུར་གཉིས་ཀྱི་བྱུང་བ་མདོ་ཙམ་བརྗོད་པ།༽ཞེས་པ་འདི་ནི་སྤྱི་ལོ༢༠༠༧ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས།
ཡང་མཁས་པ་ཆེན་པོ་རྩེ་གདོང་ཁང་ཆུང་ལྟག་པའི་མི་ངོ་སྤེན་པ་རྡོ་རྗེས་བརྩམས་པའི༼བོད་ཀྱི་མཆོག་གི་ལུས་བཟོ་འབུར་སྐུའི་མདོ་རྒྱུད་ཐིག་ཡིག་གིས་བརྒྱན་ཅིང་རྩེ་གདོང་རིག་པའི་འབྱུང་གནས་ཀྱི་བཟོ་རྩལ་གྱི་བྱུང་བརྗོད་མཐོང་བརྒྱུད་ལག་ལེན་མན་ངག་གཅིག་ཏུ་བཀོད་པའི་དེབ་དང་པོ་བཞུགས་སོ།།༽ཞེས་པ་ལྟ་བུ་དང་། དེ་མིན༼ཚེ་རིང་བཟོ་རིག་སློབ་གྲྭའི་ལྷ་སྐུ་བཞེང་ཐབས་ཀྱི་སྔོན་འགྲོ་ནག་འགྲོས་སུ་བཀོད་པ་ཐར་བའི་ལམ་སྟོན་ཆེན་མོ་ཞེས་བྱ་བ་བཞུགས་སོ།།༽དང་། ལྷ་བཟོ་ཨ་ཆུང་ངམ་ཨ་ཁྱུང་གིས་བརྩམས་ཤིང་ཀླུ་རྡེའུ་རྟ་མགྲིན་སྐྱབས་ཀྱིས་སྒྲིག་རྩོམ་བྱས་པ༼ཨ་ཆུང་བཟོ་རིག་གཅེས་བཏུས།༽དང་།༼ཨ་ཆུང་ཞལ་འབག་བཟོ་རྩལ།༽དེབ་ཆེན་གཉིས་གསར་དུ་བརྩམས་ནས་སྤྱི་ལོ༢༠༡༨ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཤིང་། ལོ་དེར་བཟོ་རིག་པ་སྐོར་གྱི་ཁྲིན་ཏུའུ་ནས་ཚོགས་ཆེན་ཞིག་ཚོགས་ནས་ཁོང་གི་སྙན་གྲགས་ས་སྟེང་ལ་ཁྱབ་པར་གྱུར།
གླིང་ཚང་ལྷ་རིས་པ་དགེ་དགའ་ལགས་ཀྱིས་བརྩམས་པའི༼རྟེན་གསུམ་གྱི་ཐིག་རིས་དང་དེའི་འགྲེལ་བཤད་ལེའུ་བདུན་རིན་ཆེན་བུམ་བཟང་ཞེས་བྱ་བ་བཞུགས་སོ།།༽སྟོད་སྨད་ཀྱི་དཔེ་ཆ་དེབ་གཉིས་དཔེ་སྐྲུན་བྱས།
རྒྱལ་ཁབ་རིམ་པའི་བོད་ཀྱི་ཨར་ལས་ལ་མཁས་པ་བོད་ཀྱི་བཟོ་སྐྲུན་པ་ཆེན་མོ་མི་ཉག་ཆོས་ཀྱི་རྒྱལ་མཚན་གྱིས་དེབ་གཉིས་དཔེ་སྐྲུན་བྱས།
སི་བོད་སློབ་གྲྭའི་ཀརྨ་སྒར་བྲིས་ཀྱི་ལྷ་བཟོ་དགེ་རྒན་ཡོན་ཏན་ཚེ་རིང་གིས་བརྩམས་པའི༼བོད་ཀྱི་ཐང་ག་རི་མོའི་རྨང་གཞི་རྩ་གནད་མཁོ་འདོན་དང་ལག་རྩལ་གྱི་མན་ངག་བཙན་ཐབས་སུ་རྟོགས་པའི་ལེགས་བཤད་ཀྱི་དམིགས་སྒོ་ཅུང་ཟད་བསྟན་པ།༽ཞེས་པ་ཞིག་སྤྱི་ལོ༢༠༡༣ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་པ་ལྟ་བུ་དང་།
དཔེར་ན་ལྷ་རིས་པ་གྲགས་ཅན་མགོ་ལོག་ལྷ་བཟོ་ཤེས་རབ་རྒྱ་མཚོས་བྲིས་པའི་ཐང་ག་ནི་ད་ལྟ་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུའི་ནང་དུ་ཚུད་ཡོད་པ་ལྟ་བུ་དང་།
དེ་བཞིན་ཚོང་དཔོན་དཀོན་མཆོག་བཀྲ་ཤིས་ཀྱིས་སྦྱིན་བདག་མཛད་པའི་གེ་སར་སྟོང་ཐང་ཆེན་མོ་དང་། ཧི་མ་ལའི་རིག་མཛོད་ཁང་གི་གཙོ་འཛིན་རྒན་པ་སྤྲུལ་སྐུ་ཚེ་རིང་རྡོ་རྗེས་སྦྱིན་བདག་མཛད་ནས་བྲིས་པའི་གུ་རུའི་སྟོང་ཐང་ཆེན་མོ་དང་།འཛམ་ཐང་རྫོང་གི་གཙང་བ་དགོན་པའི་སྤྲུལ་སྐུ་འཇམ་དབྱངས་བློ་གྲོས་ཀྱིས་བོད་ཡུལ་དང་རྒྱ་ནག་སོགས་ལ་ཐང་ག་འབྲི་སའི་འཛིན་གྲྭ་བཙུགས་ཡོད། དེ་མིན་སྐུ་འདྲ་དང་ཐང་གའི་ཐོན་རྫས་ཅི་དགོས་བླུགས་མཁན་ཕུལ་བྱུང་གི་ལག་རྩལ་པ་ལེགས་པ་རྡོ་རྗེ་ལྟ་བུ་དང་སྐུ་འདྲའི་བཟོ་དཔོན་མི་ཉག་འཇམ་དབྱངས་འོད་ཟེར་དང་། སྐད་གྲགས་ཅན་གྱི་ལྷ་རིས་པ་ཐུབ་བསྟན་དགེ་ལེགས་ཀྱིས་རྡོ་ཚོན་གྱིས་ཐང་ག་བྲིས་ཡོད་པ་སོགས་ལྟ་བུ་ནི་ལྷ་བཟོ་ཚོའི་དཔེ་མཚོན་ནམ་ཚབ་བྱེད་མི་སྣའི་ཆེད་དུ་འདིར་བྲིས་པ་ཡིན་ལ། ད་དུང་བོད་ཀྱི་ས་ཆའི་ལྷ་ས་དང་ཆབ་མདོ་རེབ་གོང་སོགས་ན་སྒྱུ་རྩལ་པ་ལྷ་སྐུའི་ཐང་ག་འབྲི་མཁན་དང་མགར་བ་བྱེད་མཁན། འཚེམ་བཟོ་བྱེད་མཁན་དང་། སྐུ་འདྲ་བླུགས་མཁན་སོགས་བྱས་རྗེས་ཅན་གྱི་མཁས་པ་མཐའ་ཡས་པ་ཞིག་ཡོད་ཀྱང་འདིར་ཐམས་ཅད་རེ་རེ་ནས་བྲིས་ན་ཡི་གེ་མང་བར་འཇིགས་པས་མ་བྲིས་སོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10