མཚོ་བྱུང་ལྷ་མོ།༼རྨ་ཆུ།༽ 2025-05-13
གནམ་འོག་གི་རྨ་ཆུའི་ཁུགས་སོ་དང་པོ་རུ་གཡང་གི་རུ་མ་མཚོ་ལྟར་ཆགས་པའི་རྨ་རྨེ་གཡུ་ལུང་སུམ་མདོ་འདི་ནས་གླིང་གི་རྟ་རྒྱུག་རྒྱལ་འཇོག་ལས་བུ་ཇོ་རུ་དང་རྟ་རྐྱང་ངེ་གཉིས་ཀྱི་དབང་ཐང་གི་བ་དན་མཁའ་རུ་བསྒྲེངས་ནས་གསེར་ཁྲིར་དབང་བསྒྱུར་པའི་འཛམ་གླིང་གཙུག་རྒྱན་ཏུ་གྱུར་པའི་ལོ་རྒྱུས་རིང་མོ་ཞིག་མི་ཡུལ་དུ་འཁྲུངས་པ་རེད། དུས་དེ་ནས་བཟུང་སྙན་པའི་གྲགས་པ་འཛིན་མའི་ཁྱོན་དུ་ཁྱབ་པའི་དཔའ་བོའི་རྟོགས་བརྗོད་ཀྱི་སྙན་རྩོམ་རིང་མོ་གེ་སར་སྒྲུང་ཞེས་པ་དེ་བྱུང་ཞིང་། དེ་ནི་བོད་མི་རིགས་ཀྱི་བདེན་དོན་དང་ཤེས་རབ། སྙིང་སྟོབས་ཀྱི་འབྱུང་ཁུངས་སུ་གྱུར་པར་མ་ཟད། གནམ་འོག་གི་རྨ་ཁུགས་དང་པོ་གླིང་གེ་སར་དར་ཡུལ་དུ་གྲགས།དེ་བཞིན་དུ་བོད་མི་རིགས་དང་སྒོ་ཕྱུགས་རྟ་ཡི་བར་དུ་གླེང་མི་ཚར་བའི་གཏམ་རྒྱུད་དང་རིག་གནས་མང་བོ་ཡོད་ཅིང་། ཆུང་དུས་སུ་བདག་གི་ཕ་དྲིན་ཆེན་གྱིས“རྟ་འདོ་བ་ཞི་ལུའི་དཔུང་རོགས་ཡིན། བོའུ་ཁྲ་རིང་རྒྱབ་ཀྱི་རི་མོ་ཡིན”ཞེས་ནམ་རྒྱུན་རྟ་རྒྱུད་གསོ་སྤེལ་དང་གཤིབ་རྟ་འཚོ་སྐྱོང་གི་བག་ཆགས་གསོན་པོ་དེ་དང་།མཐོ་སྒང་གི་མི་རིགས་འདི་རྟ་ཡི་རིག་གནས་དང་བྲལ་ཐབས་མེད་པ། རང་ཉིད་འཚོ་སྡོད་ཀྱི་གནས་འདིར་རྟ་ཡི་རིག་གནས་ཕུན་སུམ་ཚོགས་པའི་དབང་གིས་དེ་རིང་ཁྲོ་རྟ་ཡི་རིག་གནས་དང་ཉེ་བར་གཅར་བའི་འདུན་པ་འགོག་མེད་ཅིག་སྐྱེས། གནའ་མིའི་ཁ་དཔེར། “རྟ་ཕོའི་སྐྱེ་ལུགས་གཅིག་ཀྱང་། རྨིག་པ་གོར་ལུགས་མི་འདྲ། ”ང་ཚོ་འགྲོ་བ་མིའི་རིགས་ཀྱིས་ཕ་མེས་ཡང་མེས་ཀྱི་གདུང་རྒྱུད་དེད་པ་དང་འདྲ་བར་འདོ་རིགས་རྟ་ཕོ་ལའང་སོ་སོའི་ཕ་རྒྱུད་དང་མ་རྒྱུད་ནས་དྲངས་བའི་ཁྲག་རྒྱུན་གྱི་བཟང་ངན་དང་རུས་རྐང་གི་སྲ་མཁྲེགས། ཕུལ་དུ་བྱུང་བའི་རྣམ་དཔྱོད་དང་ཤེས་རབ་སོགས་ཐུན་མོང་མ་ཡིན་པ་རེ་ཡོད་སྲིད། ལོ་རྒྱུས་ཡིག་ཚགས་སུ་བཀོད་པ་ལྟར་ན།ལོ་ངོ་སྟོང་གསུམ་གྱི་ཡར་སྔོན་དུ། རྩྭ་ཆུར་བརྟེན་ནས་ཕྱུགས་རིགས་འཚོ་སྐྱོང་དང་། ཕྱུགས་རིགས་ལ་བརྟེན་ནས་ལྟོ་གོས་འཚོལ་བའི་མི་རིགས་ཞིག་ལ་མཚོན་ན། ཕྱུགས་རྒྱུད་འཚོ་སྐྱོང་གི་འདུ་ཤེས་དྲག་ཅིང་། སྒོ་ཕྱུགས་རྟ་ནོར་ལུག་གསུམ་ལ་ཕྱུགས་རྒྱུད་རབ་འབྲིང་ཐ་གསུམ་གྱི་རིགས་དབྱེ་བར་མ་ཟད། རྒྱུད་ལེགས་ཕྱུགས་རིགས་དར་སྤེལ་དང་ཕྱུགས་རྒྱུད་ཐོན་ཁུངས་རྒྱ་བསྐྱེད་སོགས་འབྲོག་པའི་འཚོ་བའི་འདས་མ་ད་གསུམ་ཐད་དུ་དམངས་སྲོལ་རིག་གནས་ཀྱི་དགེ་མཚན་ཁྱད་དུ་འཕགས་པ་ཞིག་མཆིས་ཏེ། དཔེར་ན། འདོ་རིགས་རྟ་ཕོ་འཚོ་སྡོད་ཀྱི་ས་བབ་དང་ཐོན་ཁུངས་མི་འདྲ་བ། དེ་བཞིན་དུ་ཁྱད་ཐོན་ཕྱུགས་རིགས་ཀྱི་ཁྱད་རྟགས་དང་འཇོན་ནུས་མི་འདྲ་བར་ལྷོ་རྟའམ་རྒྱ་རོང་གི་རྟ་དང་སོག་རྟ་ལྟ་བུའི་རིགས་མང་པོ་བཀར་བ་དང་ཆབས་ཅིག། རྟ་རྒྱུད་ལེགས་སྤེལ་དང་རྟ་ཡི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཁྲོད་དུ་གནད་དོན་ཡང་མང་པོ་མཆིས་པ་མིག་མཐོང་ལག་ཟིན་རེད། ང་ཚོས་རིག་གནས་དང་འཚོ་བ། གནད་དོན་ཞིག་གི་མཐིལ་རྟོགས་དགོས་ཚེ་ཆེས་གཙོ་བོ་དང་གནད་དུ་འཁེལ་བ་ནི་རང་ཉིད་དངོས་སུ་གནད་དོན་དེའི་ཁྲོད་དུ་ཞུགས་ཏེ། རང་ངོས་ནས་ལག་ལེན་བྱ་རྒྱུ་དེ་གཙོ་བོ་ལས་ཀྱང་གཙོ་བོ་ཡིན་པས།ཐེངས་འདིར་སྔོན་ཆད་རང་ངོས་ནས་བཀླགས་མྱོང་བའི་ཡིག་ཚགས་རྒྱུ་ཆ་སྐོར་ཞིག་གཞིར་བཟུང་ནས་གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བརྒྱུད། རྨ་ཁུགས་རྟའམ་ཁྲོ་རྟ་ཡི་སྐོར་ལ་རྒྱུས་ལོན་རགས་ཙམ་བྱས་པ་ཡིན།
དང་པོ། ཁྲོ(ཁྱོ)རྟ་ཡི་མིང་གི་ཐོགས་ཚུལ།
ད་སྐབས་འབྲོག་པའི་སྒོ་ཕྱུགས་རྟ་ཡི་རིག་གནས་ལ་མཐོང་ཆེན་བྱ་མཁན་དང་རྟ་གཤིབ་ལ་མོས་མཁན་མང་བོ་ཡོད་པར་རྟ་ལ་ངོས་འཛིན་སྟངས་ཀྱང་མི་འདྲ་བ་མང་པོ་ཡོད། དཔེར་ན། མང་ཚོགས་ལ་ལ་ཞིག་གིས་རྨ་ཁུགས་རྟ་ནི་སྟོད་ཀྱི་རྨ་ཆེན་གངས་རི་ནས་སྨད་ཀྱི་མདོ་ལ་རིང་མོ་བར་གྱི་རྨ་ཆུའི་ཁུགས་སོ་དང་པོ་དང་གཉིས་པ་རུ་འཚོ་ཞིང་གནས་པའི་འབྲོག་སྡེ་ཡོད་ཚད་ཀྱིས་འཚོ་སྐྱོང་བྱས་པའི་རྟ་ཡི་རིགས(བྱམས་མེའི་རྟ་རྒྱུད། ཐང་སྐོར་རྟ་རྒྱུད། སོག་ཚང་རྟ་རྒྱུད་སོགས།) འདི་ཡོད་དོ་ཅོག་ལ་རྨ་ཁུགས་རྟ་ཞེས་བཏགས་ཆོག་ལ་གོ་ཡང་གོ་བ། ཡང་ལ་ལས་ང་བརྒྱད་རྗེས་སུ། རྨ་ཆུ་ས་ཆའི་རྨ་ཁུགས་རྟ་ར་ཞེས་པའི་ཡུལ་ཚོའི་རྟ་རྒྱུད་གསོ་སྤེལ་ལས་ཐོན་པའི་རྟ་རྒྱུད་ལ་རྨ་ཁུགས་རྟ་ཞེས་འབོད་པ།ཡང་ལ་ལས་གནམ་འོག་གི་རྨ་ཆུའི་ཁུགས་སོ་དང་པོ་རུ་གནས་པའི་ཁྲོ་ཁོ་ཁ་གསུམ་གཙོ་བྱས་པའི་འབྲོག་སྡེ་འདི་རུ་འཚོ་སྐྱོང་བྱས་པའི་རྟ་ནི་རྨ་ཁུགས་རྟའམ་ཁྲོ(ཁྱོ)རྟ་རུ་ངེས་འཛིན་བཞིན་ཡོད་པ་ལྟ་བུའོ།།
ཐེངས་འདིའི་བཅར་འདྲིའི་གོ་རིམ་ཁྲོད་དུ་ས་གནས་འབྲོག་པ་མང་ཚོགས་དང་ཆེད་མཁས་མི་སྣར་བཅར་བ་དང་།རྨ་ཆུའི་སྐྱེ་ཁམས་ཁོར་ཡུག་གི་དགེ་མཚན་ལ་དཔྱད་པ། ཕྱུགས་ལས་ཐོན་ཁུངས་ཀྱི་རྒྱབ་རྟེན་ཕུན་སུམ་ཚོགས་པ་བཅས་གཞིར་བཟུང་སྟེ་བརྗོད་ན།རྨ་ཆུའི་ཕྱུགས་ལས་ཐོན་ལས་ཀྱི་མཚན་བྱང་དེ“རྨ་ཁུགས་གཅེས་ནོར་བཞི”ཡི་ནང་གསེས་ཁྲོ(ཁྱོ)རྟ་ཡི་རིག་གནས་ལ་ལོ་ངོ་སྟོང་གི་ལོ་རྒྱུས་རིང་བོ་ཞིག་མཆིས། རྫོང་མཁར་དང་བར་ཐག་སྤྱི་ལེ20ཡི་མཚམས་སུ་གནས་པའི་རྨ་ཁུགས་རྟ་ར་ཞེས་པའི་ཡུལ་ཚོ་འདི་དང་།སྔོན་གྱི་རྨ་ཁུགས་རྟ་རའི་རྟ་བ་རྒན་པ་རྟ་བཟང་རྡོ་རྗེ་ལྟ་བུའི་ས་གནས་ཀྱི་འབྲོག་པ་མང་ཚོགས་རྒན་པ་དག་དང་ཉེ་བར་བཅར་རྗེས། རྨ་ཁུགས་རྟ་ར་ཞེས་པའི་ཡུལ་ཚོ་འདི་ཆེས་ཐོག་མར་ཚུགས་སྐབས་སུ་དངུལ་རྭའི་འབྲོག་ཁྱིམ་བཞི་ལས་མེད་པ་དང་རིམ་བཞིན་ས་གནས་ཀྱི་ཐོན་ཁུངས་ཁྱད་པར་བར་དམིགས་ཏེ།ཁྲོ(ཁྱོ)ཁོ་ཁ་གསུམ་གཙོ་བྱས་པའི་ཀན་སུའུ་དང་སི་ཁྲོན། མཚོ་སྔོན་བཅས་ཀྱི་ཉེ་འཁོར་གྱི་འབྲོག་སྡེ་སོ་སོ་ནས་རྟ་མང་པོ་བསྡུ་རུབ་བྱས་པ་བརྒྱུད།ཡུལ་ཚོ་འདི་རུ་རྟ་བ་དང་ཟོག་བ། ལུག་བ་བཅས་ཕྱུགས་རིགས་འཚོ་སྐྱོང་གི་རུ་ཁག་གསུམ་དུ་ཕྱེས་ཤིང་། སྐབས་ཐོག་ཏུ་རྨ་ཁུགས་རྟ་རའི་རྟ་བ་ཡིས་རྟ་ཁྲི 12 འཚོ་སྐྱོང་བྱས་མྱོང་ལ།རང་རྒྱལ་གྱི་དམག་རྟ་གསོ་སྐྱོང་གི་གནས་གཞི་གཙོ་བོར་གྱུར་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་ཕྱུགས་ལས་ཆེད་མཁས་པ་མང་པོས་རྨ་ཁུགས་རྟ་རའི་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་མཐོང་ཆེན་བྱས། རྟ་བཟང་རྡོ་རྗེས་བཤད་རྒྱུར། ང་རང་ཆུང་དུས་ནས་རྟ་ལ་ཧ་ཅང་དགའ་བོ་ཡོད། རིམ་བཞིན་གཤིབ་རྟའང་མང་བོ་གསོ་སྐྱོང་བྱས་ཏེ་རྒྱལ་ཡོངས་རང་བཞིན་གྱི་ལུས་རྩལ་འགྲན་སྡུར་གྱི་རྟ་རྒྱུག་ཁྲོད་བྱ་དགའ་རབ་དང་རིམ་པ་ཐོབ་མྱོང་། རང་ལོ15ཡི་སྟེང་ནས་བཟུང་། རྨ་ཁུགས་རྟ་ར་ཡི་རྟ་རྫི་བྱས་ཏེ་དམག་རྟ་འཚོ་སྐྱོང་བྱས་ནས་ནར་སོན་པ་ཡིན། ང་བརྒྱད་ལོར། རྨ་ཁུགས་རྟ་ར་འདི་ཐོག་མར་ཚུགས་པ་ནས་བཟུང་རྒྱལ་གཉེར་གྱི་ཕྱུགས་ལས་མཉམ་ལས་ཁང་ཞིག་ཡིན་པ་དང་། ལོ་རབས་དྲུག་ཅུ་བའི་ལོ་མཇུག་དང་བདུན་ཅུ་བའི་ལོ་འགོར། གོང་རིམ་གྱིས་བཀོད་སྒྲིག་ལྟར། ང་ཚོའི་རྟ་ར་འདི་རུ་ཁྲོ་ཁོ་ཁ་གསུམ་ལས་གཞན་ད་དུང་ཀླུ་ཆུ་དང་བསང་ཆུ། མཚོ་སྔོན་ཐུན་ཏེ། ནང་སོག། ཞིན་ཅང་དབྱི་ལིས་རྟ་སོགས་ནས་རྟ་རྒྱུད་གང་བཟང་ནང་འདྲེན་བྱས་ཏེ། རྨ་ཁུགས་རྟ་ར་ཡི་རྟ་རྒྱུད་ལེགས་སྡེབ་དང་རྟ་ཡི་ཐོན་ཁུངས་དར་སྤེལ་ཐད་དུ་སྔར་ལས་མཐོང་ཆེན་བྱས་པར་མ་ཟད། རྟ་རྒྱུད་ལེགས་སྡེབ་དང་རྟ་ཡི་འཕེལ་ཁ་མགྱོགས་ཆེད་དུ་མིས་བཟོས་སྦྲུམ་འཇོག་ལག་རྩལ་ཡང་ལག་བསྟར་རབ་དང་རིམ་པ་བྱས་པ་རེད། སྐབས་དེར། ང་ཚོའི་རྟ་ར་འདི་ནས་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་དམག་རྟ་མཁོ་འདོན་བྱེད་དགོས་ཤིང་། དམག་ཁུལ་ནས་རྨ་ཁུགས་རྟ་ལ་བྱ་དགའ་ཐོབ་ཚེ་ཚགས་པར་རེ་འགའ་ནས་མཐོང་སྲིད། 1976ལོར། འཛམ་གླིང་ཕྱུགས་རིགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་བཅས་ཆེད་མཁས་ཚོགས་པ་ཞིག་རྨ་ཁུགས་རྟ་ར་རུ་ཡོང་ནས་ཆེད་དུ་ཁྲོ་རྟ་ཡི་ཕྱི་ནང་གསང་གསུམ་ལ་ཞིབ་འཇུག་བྱས་ཤིང་། ཆེད་མཁས་པ་དེས་ཁོང་གིས་མི་རབས་གསུམ་ལ་འཛམ་གླིང་གི་རྟ་ཡི་རིག་གནས་སྦྱངས་པ་དང་རྟ་རྒྱུད་ལ་ཞིབ་འཇུག་བྱས་མྱོང་། རྟ་རྒྱུད་འདི་ལ་ཁྲོ(ཁྱོ)རྟ་ཞེས་བཏགས་ཚེ་འཚོ་བ་དང་མཐུན་ལ། ཁོར་ཡུག་དང་མཐུན་པ། རིག་གནས་དང་མཐུན་པ་ཞིག་རེད། ཁྲོ(ཁྱོ)རྟ་ལ་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ལས་བྱུང་བའི་རང་གི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་འདུག་ཅེས་གདེངས་འཇོག་ཚད་མཐོན་པོ་ཐོབ་མྱོང་། ལོ་ཟླའི་ཕྱིར་ལམ་ལ་རིག་འདེད་དང་དོན་དངོས་ལ་དམིགས་ནས་བསམ་གཞིག་བྱས་ཚེ། བོད་བཙན་པོའི་སྐབས་ནས་བཟུང་། བོད་མི་རིགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་དུ་རྟ་ཡིས་གོ་གནས་གལ་ཆེན་བཟུང་བར་མ་ཟད་རྟ་ལའང་རིགས་མང་བོ་བཀར་ཡོད་དེ། དཔེར་ན། དམངས་ཁྲོད་དུ“གནམ་གང་ལ་རྟ་གསོས། ཚེས་གཅིག་ལ་རྟ་རྒྱུག། རྟ་ཕོ་གོང་ཆུང་། མི་ཕོ་ངོ་ཆུང་། རྟ་མང་ན་ཁ་ར་བཤིག་བྱེད། བུ་མང་ན་ཁ་སེམས་དཀྲུག་བྱེད། རྟ་ཕོ་མགྱོགས་དར་ཅན། མི་བོ་འཇོན་ཐང་ཅན”ཞེས་རྟ་དང་འབྲེལ་བའི་གཏམ་དཔེ་དང་རི་གླུའི་སྐོར་སོགས་རིག་གནས་ཕུན་སུམ་ཚོགས་པ་ཡོད་ལ། དེ་བཞིན་དུ་རྟ་ལ་གྱི་ལིང་དང་ཅང་ཤེས། ཆིབས་པ། རྒྱུག་རྟ། སྲུང་རྟ། དམག་རྟ། བག་རྟ། རྫི་རྟ་བཅས་ནང་གསེས་ཀྱི་རིགས་མང་བོ་དགར་ཡོད། རྟ་ལ་རིགས་བགར་བར་དེའི་ཁྱད་ཆོས་དང་བྱེད་ནུས་གཙོར་བཟུང་སྟེ་བགར་དགོས་པ་དང་། ལྷག་པར་དུ་དམག་རྟ་ནི་མི་ཞིག་གི་ཚེ་ཡི་མཐུད་པ་དང་སྲོག་གི་ཁེབས་མ་ལྟ་བུར་གྱུར་བས། རྟ་ཡོད་ཚད་ལས་ཆེས་མཆོག་ཏུ་གྱུར་བ་དེ་གདམས་ངེས། དེའི་ཕྱིར། སྐྱ་ཆད་སྔོ་སྡུག་གི་སྤྱི་ཚོགས་ཀྱི་གནས་བབ་དེའི་ཁྲོད་དུ་ཁྲོ(ཁྱོ)རྟ་ཆེད་དུ་དམག་རྟ་རུ་མཁོ་འདོན་བྱས་པར་བལྟས་ན་དེ་ནི་སྒོ་ཕྱུགས་ཆེས་མཆོག་ཏུ་གྱུར་བ་ཞིག་ཡིན་པ་གདོན་མི་ཟའོ།།
གཉིས་པ། ཁྲོ(ཁྱོ)རྟ་ཡི་ཁྱད་ཆོས།
ང་ཚོ་འགྲོ་བ་མིའི་རིགས་འཚོ་སྡོད་ཀྱི་ས་བབ་དང་ཁོར་ཡུག་མི་འདྲ་བའི་དབང་གིས་མི་སོ་སོའི་མི་གཞི་ཀུན་སྤྱོད་དང་འགྲོ་འདུག་སྤྱོད་གསུམ།ནང་སེམས་ཀྱི་འགྱུར་བག་དང་གདོང་བག་གི་ཁ་མདོག་ཀྱང་མི་འདྲ་བས་སྒོ་ཕྱུགས་དང་སྲོག་ཆགས་ཀྱང་དེ་བཞིན་ནོ།། རྨ་ཆུ་རྫོང་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གསོག་ནུས་པའི་ཐོན་ཁུངས་གཙོ་བོ་དང་། རྒྱལ་ཡོངས་ཀྱི A4རིམ་པའི་སྐུང་གསེར་ཁ་མདོའི་བརླན་ལྗོངས་དང་སི་ཁྲོན་མཛོད་དགེ་བརླན་ལྗོངས་ཀྱི་བརླན་རྒྱུད་དེད་དེ། གནས་འདིར་གཡུ་རི་ཁྱོ་དང་གླང་ཆུའི་ཁྱོ། ར་དེའུ་ཁྱོ། དངུལ་རྭའི་ཁྱོ་སོགས་བརླན་སའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་དགེ་མཚན་དེས་དབང་གིས་ཐོན་ལས་ཁྱད་པར་བ་ཞིག་གསོ་སྐྱོང་བྱེད་པ་ནི་འཚོ་བའི་ཆོས་ཉིད་ཅིག་ཡིན། བརླན་ལྗོངས་སུ་འཚོ་སྡོད་བྱས་པའི་ཕྱུགས་རིགས་ནི་སྐམ་ས་དང་རི་མཐོ་ལ་གཟར་དུ་འཚོ་སྡོད་བྱས་པའི་ཕྱུགས་རིགས་དང་མི་འདྲ་ས་ཧ་ཅང་མང་པོ་ཡོད། དཔེར་ན། རྨ་ཆུ་ས་ཆའི་ཁྲོ(ཁྱོ)རྟ་ནི་ཁྱོ་གཞུང་དང་ན་གཞུང་ཆེ་བའི་བརླན་ཁུལ་དུ་འཚོ་སྐྱོང་བྱེད་པའི་ས་གནས་གཞན་གྱི་རྟ་དང་བསྡུར་ཚེ། མཚོ་འཕགས་སྨི2000-5000བར་གྱི་ས་བབ་མཐོ་ཞིང་ཁོར་ཡུག་རྩུབ་ས། བརླན་ཁུལ་དང་གནམ་གཤིས་ངན་ས་རུ་འཚོ་སྡོད་ལ་གོམས་པ། མུག་བསྲན་ཆེ་བ། སྲ་སྡོད་ཡོད་པ། དཔའ་སྙིང་ལྡན་པ། སྤུ་མདོག་ནག་ནག་དང་སྔོ་སྔོ། ཁམས་ཁམས། རྐྱང་རྐྱང་མང་ཤོས་ཡིན། མགོ་ཆེ་རྣ་རིང་། གཟུགས་སྟོབས་ཆེ་བ་དང་ཤ་འཛིན་པ། ཁོག་སྟོད་མཐོ་ཞིང་སྒལ་ཐག་རིང་བ་ཁོག་སྨད་ཅུང་དམའ་བ། རྐང་ལག་སྦོམ་ལ་རྨིག་པའི་གོར་ཆེ་བ། རྔོག་མ་གཡས་སུ་འཛིན་པ། ཆ་སྙོམས་རྟ་ཕོ་གཅིག་གི་གཟུགས་ཀྱི་མཐོ་ཚད་ལི་སྨི137.21(142.8)དང་བྱ་སྣ་རིང་ཚད་ལི་སྨི152.4བྲང་ཞེང་ལི་སྨི185.1། སྦོམ་ཚད20.3ལྗིད་ཚད་སྤྱི་རྒྱ346.27(483.5) རྒོད་མ་གཅིག་གི་གཟུགས་ཀྱི་མཐོ་ཚད་ལི་སྨི132.47(140.1)དང་བྱ་སྣ་རིང་ཚད་ལི་སྨི149.5བྲང་ཞེང176.8 སྦོམ་ཚད་ལི་སྨི18.3ལྗིད་ཚད་སྤྱི་རྒྱ330.95(432.7) ཕོ་རྟ་ཡི་རྒྱུད་སྡེབ་དུས་ཡུན་ལོ12ནས་13རྒོད་མ་ཡི་བུ་འཛིན་དུས་ཡུན་ལོ15ནས16ཡས་མས་ཡིན་པས། སྟོབས་ཤུགས་ཆེ་བ་དང་མྱུར་ཞགས་ལྡན་པ། རྒྱུད་སྤེལ་སྔ་བ་སོགས་རྟ་རྒྱུད་གཞན་དང་ཐུན་མོང་མ་ཡིན་པའི་རང་རང་གི་ཁྱད་ཆོས་གཟེངས་སུ་ཐོན་པའི་སྲོག་ཆགས་རྩ་ཆེན་ཞིག་རེད། རྟ་བཟང་རྡོ་རྗེས། ཚང་མས་ཤེས་གསལ་ལྟར། ཀྲུང་གོའི་ཆེས་ཕུལ་དུ་བྱུང་བའི་དམག་རྟ་གསུམ་ནི་ཀན་སུའུ་ཡི་ཧྲན་དན་མཱ་ཁྲང་དང་ནང་སོག་དབྱི་ལིས་རྟ། རྨ་ཁུགས་ཁྲོ་རྟ་བཅས་ཡིན། རང་ཉིད་རྨ་ཁུགས་རྟ་རའི་རྟ་རྫི་ཡིན་དུས། ང་ཚོའི་རྟ་ཁྱུའི་ནང་དུ1965ལོའི་རྟེའུ་ཞིག་ཡོད།དཔུང་རྟགས་ཨང 5 པ་ཡིན། རྟ་དེ་ཡིས་ལྗིད་ཚད་རྒྱ་མ་སྟོང་བརྒྱད་དྲུད་པ་རྒྱུན་ལྡན་རེད། ད་སྐབས་སྒོ་ཕྱུགས་སྟོབས་ཆེན་དེ་འདྲ་མཐོང་རྒྱུ་དཀོན་མོ་ཡིན། སྔོན་ཆད་ཀྱི་ཁྱོ་རྟ་ལ་འཁུར་ཤེད་དང་འདེགས་ཤེད་ཧ་ལས་པ་ཡོད་པ་རེད།
གསུམ། ཁྲོ(ཁྱོ)རྟའི་ཁྱབ་ཁོངས།
རྒྱུས་ལོན་པ་ལྟར་ན། དུས་རབས་འདིར། རྨ་ཁུགས་ཀྱི་འབྲོག་སྡེ་ཀུན་ཏུ(སི་ཁྲོན་དང་མཚོ་སྔོན།ཀན་སུའུ)བཅས་ཞིང་ཆེན་དུ་ཁྲོ(ཁྱོ)རྟ་ཡི་རྟ་རྒྱུད་དར་ཁྱབ་ཧ་ཅང་ཆེ་བ་སྨོས་མ་དགོས་ལ།རྒྱལ་ཡོངས་ཀྱི་ངོས་ནས་གླེང་ན།ཏུང་པེ་ཚུན་གྱི་ཧྲང་ཧེ་སོགས་གཙོ་བྱས་པའི་ཞིང་ཆེན20ཡས་མས་སུ་ཁྲོ་རྟ་ཡི་རྟ་རྒྱུད་འདི་འཚོ་སྐྱོང་བྱས་ཡོད།གཞན་ཡང་།ཉེ་བའི་ལོ་ཤས་ནང་དུ།འབྲུག་ཡུལ་གྱི་རྒྱལ་བོའི་གཉེན་སྟོན་སྐབས་སུ་ནོར་བུ་ཆ་བདུན་འགེལ་བར་ཆེད་དུ་རྨ་ཁུགས་རྟ་ར་ཡི་ཁྲོ(ཁྱོ)རྟ་མཁའ་འགྲུལ་ཕྱི་འདྲེན་བྱས་པ་ལྟ་བུ་ནི་ཁྲོ་རྟ་ཡི་ཕྱི་ཡུལ་འགྲིམ་པའི་གནས་བབ་ལྟ་བུ་རེད།གནས་བབ་འདི་དག་ལ་གཞིགས་ཚེ།ཁྲོ་རྟ་ཡི་ཐོན་ལས་འདི་ཡིས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་ཕྱུགས་རིགས་ཐོན་ལས་ཁྲོད་དུ་གོ་གནས་མི་དམན་པ་བཟུང་འདུག་པ་མིག་མཐོང་ལག་ཟིན་རེད། ཞོགས་པར་དེར། མིང་ལ་དབྱར་ཁའི་རྟ་པ་དང་དགུན་ཁའི་གླུ་པ་ཟེར་བའི་སྤྱིར་བཏང་གི་འབྲོག་པ་ཞིག་ལ་སྟེས་དབང་གིས་འཕྲད་བྱུང་།མིང་དེ་རང་ཉིད་ཀྱིས་རང་ཉིད་ལ་བཏགས་པ་ཡིན་ཟེར། ངས་ཁོ་ཚང་གི་སྦྲ་འདབས་སུ་ན་ཚོད་དང་རྒྱུག་ཐག་མི་འདྲ་བའི་གཤིབ་རྟ་བཅུ་བཏགས་འདུག་པ་དངོས་སུ་མཐོང་། རྟ་པའམ་གླུ་པ་དེས་ང་ཚོར་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་བཞི་ལ་གཤིབ་རྟ་སྐྱོང་ཐབས་དང་རྟའི་རྐང་ལག་ལ་དབྱར་ཆུ་དང་དགུན་ཆུ་རྒྱག་སྟངས།སྐབས་སུ་བབས་པའི་ཙད་ཆུ་རྒྱག་པ། རྟ་ཕོའི་རྣམ་རིག་གསོ་ཐབས། ཡུན་རྒྱུག་དང་ཐུང་རྒྱུག་ལ་ཞུགས་པའི་གཤིབ་རྟ་སྐྱོང་སྟངས་ཀྱང་མི་འདྲ་བ་སོགས་སྲོལ་རྒྱུན་རིག་གནས་ཤིག་གི་ཡང་སྙིང་ངམ་མང་ཚོགས་ཀྱི་འཚོ་བ་དངོས་ཀྱི་ལག་ལེན་ཁྲོད་ནས་ཐོན་པའི་དམངས་ཁྲོད་རིག་གནས་ལྷད་མ་འདྲེས་པ་མང་པོ་མང་པོ་ཞིག་ངོ་སྤྲོད་བྱས་པར་མ་ཟད། རང་ཉིད་རྒྱུག་ཕྲུག་ཅིག་གི་ལས་དབང་བླངས་པའི་ད་ལྟའི་བར་དུ་ཁྲོ་རྟ་དང་མཉམ་འགྲོ་མཉམ་འདུག་གི་འཚོ་བའི་དགའ་སྐྱོ་ཆགས་སྡང་སོགས་མ་གསང་ལྷུག་པོར་བརྗོད་ཡོང་དུས། ཆེས་སྤྱིར་བཏང་གི་ཁོར་ཡུག་འདི་རུ་སྤྱིར་བཏང་མ་ཡིན་པའི་ཁྱིམ་ཚང་འདི་ཡི་ཕ་མེས་ཡང་མེས་ཀྱིས་མི་རབས་གསུམ་ལ་འབྲོག་པའི་ཕྱུགས་རིགས་རྟ་ནོར་ལུག་གསུམ་འཚོ་སྐྱོང་དང་། ནང་སྒོས་སུ་གཤིབ་རྟ་མང་བོ་གསོ་སྐྱོང་བྱས་པས། རྨ་ཆུའི་མི་དམངས་ཀྱིས་རྟ་རྒྱུགས་རྒྱལ་འཇོག་ནི་ས་གནས་མི་རིགས་ཀྱིས་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱིར་དྲན་དང་། མེས་པོའི་སྲོལ་རྒྱུན་རིག་གནས་ལ་གོང་བཀུར་བགྱིད་པའི་མཚོན་རྟགས་ཤིག་ཏུ་བརྩིས། གནམ་འོག་གི་རྨ་ཆུའི་ཁུགས་སོ་དང་པོ་འདི་ནི་རྒྱལ་ཡོངས་ཀྱི་ཆེས་མཆོག་ཏུ་གྱུར་པའི་རྟ་རྒྱུད་གསུམ་གྱི་ནང་གསེས་ཁྲོ(ཁྱོ)རྟ་ཡི་ཕ་ས་འཁྲུལ་མེད་དེ་ཡིན་པ་གནས་འདིའི་ཡོད་ཚད་ཀྱིས་བདེན་དཔང་བྱས་ཤིང་། རྨ་ཆུ་རྫོང་གིས2004ལོའི་ཟླ8པ་ནས་བཟུང་ད་ལྟའི་བར་དུ། རྒྱལ་ཡོངས་སུ་གཞི་རྒྱ་ཆེས་ཆེ་བ་དང་བྱ་དགའ་ཆེས་མཐོ་བ།གཤིབ་རྟ་ཆེས་མང་བའི་རྩྭ་ཐང་གི་དགྱེས་འཛོམས་ཆེན་མོ་རྨ་ཆུའི་གེ་སར་རྟ་རྒྱུག་དུས་སྟོན་ཆེན་མོ་ཐེངས་མང་བོར་སྤེལ་ཏེ། ས་གནས་ཀྱི་ཐོན་ལས་ཁྱད་འཕགས་གོང་སྤེལ་དང་ཁྲོ(ཁྱོ)རྟ་ཡི་རིག་གནས་འཛམ་གླིང་ལ་ཁྱབ་བསྒྲགས་བྱས་པ་བརྒྱུད། གོང་རིམ་ནས་རྨ་ཆུ་རྫོང་ལ་ཀྲུང་གོའི་རྟ་རྒྱུག་གི་ཕ་ས་ཞེས་པའི་མཚན་བྱང་གནང་ཡོད་པ་རེད། ང་ཚོས་ནམ་རྒྱུན་དམངས་ཁྲོད་རིག་གནས་དང་ས་གནས་ཀྱི་དགེ་མཚན། ཐོན་ཁུངས་ཁྱད་འཕགས་བཅས་ལ་བརྩི་མཐོང་དང་། སྲོལ་རྒྱུན་རིག་གནས་དར་སྤེལ་རྒྱ་ཆེར་གཏོང་བར་ཤ་འབད་རུས་འབད་བྱ་རྒྱུ་རིག་གནས་ལ་བཟུང་བའི་ལྷག་བསམ། མི་རིགས་དང་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་ཡིན་ཞེས་གླེང་ཆོག་ལ། གངས་ཅན་བོད་ཀྱི་འདོ་རིགས་རྟ་ཡི་རིག་གནས་ཕུན་སུམ་ཚོགས་པ་ཇི་བཞིན་རྨ་ཆུའི་འབྲོག་པ་མང་ཚོགས་དང་འདོ་རིགས་རྟ་ཕོའི་བར་དུ་འགྲེལ་དཀའ་བའི་ལས་དབང་གི་སྲད་བུ་ཞིག་གིས་བརྒྱུས་པར་གྱུར་ཏེ། རྟ་ནི་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་སྒོ་ཕྱུགས་ཤིག་ཡིན་ལ། ཕ་མེས་ཡང་མེས་ནས་བརྒྱུད་པའི་དམངས་ཁྲོད་རིག་གནས་ཕུལ་དུ་བྱུང་བ་ཞིག་གི་སྲོག་ཤིང་ཡིན། ཚན་རིག་རིག་གནས་མཆོང་བསྐྱོད་ལྟ་བུའི་གོང་དུ་སྤེལ་བའི་དུས་རབས་འདིར། སྲོལ་རྒྱུན་རིག་གནས་ནི་སྔར་བཞིན་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་དུ་འོད་དུ་འཚེར་བའི་སྐར་མ་འོད་ཆེན་བཞིན། ཁྲོ(ཁྱོ)རྟ་གཙོ་བྱས་པའི་རྨ་ཆུའི་གཡང་གི་ཕྱུགས་ར་སྒོ་བཞི་ཡིས་རིག་གནས་བང་མཛོད་དུ་གོ་གནས་གལ་ཆེན་ཞིག་བཟུང་འདུག་གོ།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10