གཉན།

        2016-10-28

གཉན།

གཉན་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཡིན་ཞིང་གཟུགས་པོ་ཚོ་ཞིང་རིང་ཚད་ལ་ལི་སྨི་150ནས་ལི་སྨི་180ཙམ་ཡོད་ཅིང་། སོག་མགོའི་མཐོ་ཚད་ལ་ལི་སྨི་50ནས་ལི་སྨི་70ཙམ་དང་ལྗིད་ཚད་ལ་སྤྱི་རྒྱ་110ཡས་མས་ཡོད། སྤུ་མདོག་སྤྱིར་བཏང་དུ་ཁམ་སྐྱ་དང་སྐྱ་བོ་ཡིན། ཕོ་མོ་གཉིས་ལས་ཕོའི་གཟུགས་གཞི་ཅུང་ཆེ། ད་ལྟ་སྟོང་ལ་ཉེ་ཞིང་མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་ཀྱི་ཁོངས་སུ་གཏོགས།
གཉན་གྱི་སྐེ་མཇིང་སྦོམ་ཞིང་རྔ་མ་ཐུང་ཐུང་ཞིག་ལས་མེད་ལ་སུག་བཞིའང་སྦོམ་ཞིང་ཐུང་བ་དང་རྨིག་པ་དྲང་ཐད་དུ་ཡོད་པས་བྲག་ངོས་སུ་འགོ་བར་འོས་ཤིང་འཚམ། ལུས་ཡོངས་ཀྱི་སྤུ་མཐུག་ཅིང་ཐུང་བ་དང་མཇིང་པའི་སྤུ་ཅུང་ཟད་རིང་པོ་ཡོད། མང་ཆེ་བ་ཁམ་སྐྱ་དང་སྐྱ་བོ་ཡིན་ལ་གདོང་བ་དང་སོག་མགོ སྒལ་བའི་མདུན་ངོས་སོགས་ནི་ཁམ་སྨུག་ཡིན། རྣ་ཅོག་གི་ནང་ངོས་དཀར་སེར་ཡིན་པ་དང་བྲང་དང་ལྟོ་བ། སུག་བཞིའི་ནང་ངོས་བཅས་དང་ཁོག་སྨད་དང་ཨོང་མགོ་སོགས་དཀར་སྐྱ་ཡིན། ལག་པའི་མདུན་ངོས་ཀྱི་མདོག་ཅུང་ཁམ་སྨུག་ཡིན་ཞིང་རྔ་མ་དང་རྒྱབ་གཞུང་གི་མདོག་གཅིག་མཚུངས་ཡིན། མོའི་རིགས་ཀྱི་སྤུ་མདོག་ཕོ་ལས་ཆེ་ཞིང་ཁ་ཤས་ཀྱི་སྤུ་མདོག་ལུས་ཡོངས་རྫོགས་དཀར་སྐྱ་ཡིན་པའང་ཡོད།

གཉན།

        ཕོ་མོ་གཉིས་ལ་རྭ་ཅོ་ཡོད་ཅིང་དབྱིབས་དང་ཆེ་ཆུང་ལ་མངོན་གསལ་གྱི་ཁྱད་པར་ཡོད། ཕོའི་རྭ་ཅོ་ཆེ་ཞིང་ཨ་ལོང་དབྱིབས་ཀྱིས་འཁྱིལ་ཡོད་པ་དང་། ཐོག་ཏུ་ཅུང་ཞིབ་ཕྲའི་འབུར་རིས་ཡོད་ལ། མགོ་ནས་ཅུང་ལྟག་རྒྱབ་ཏུ་སྐྱེས་ནས་རིམ་གྱིས་མདུན་ནམ་རྒྱབ་གང་རུང་དུ་གུག་ཡོད་ཅིང་སྣེ་མོ་ཨེན་ཙམ་ཡར་འཁྱིལ་ནས་ཡོད། རྭ་རྩ་མཐུག་ཅིང་རྭ་ཅོའི་རིང་ཚད་ལ་ལི་སྨི་145ཡས་མས་ཡོད་པས་བལྟས་ཚོད་ཀྱི་ས་རྭ་ཅོ་དང་གཟུགས་གཞི་གཉིས་དོ་མི་མཉམ་པའི་སྣང་བ་ཞིaག་སྦྱིན་འོངས། མོའི་རིསག་ཀྱི་རྭ་ཅོ་ཧ་ཅང་སྟབས་བདེ་ཡིན་ཏེ་ཕྲ་ཞིང་ཐུང་བས་རིང་ཚད་ལའང་ལི་སྨི་50མ་གཏོགས་མེད་ཅིང་དབྱིབས་ཟོར་བ་ལྟ་བུ་ཞིག་ཡིན།
གཉན་རི་ལ་འགོས་ན་ངར་བ་དང་གཉན་པོ་ཆེས་ཆེ་བ་ནི་སྤྱང་ཀི་དང་གསའ་ཡིན། ཟས་འཚོལ་བའམ་ངལ་གསོ་སྐབས་སུ་དར་ལ་བབ་པའི་གཉན་ཞིག་གིས་མཐོ་ས་ནས་སོ་བ་བྱེད་ཅིང་རྒྱང་རིང་གི་གནས་ཚུལ་མི་ལེགས་པ་མཐོང་ཚེ་ཁྱུ་ཚོགས་ལ་བརྡ་གཏོང་ཞིང་དེ་མ་ཐག་བྲག་ངོས་གཟར་པོ་དག་ནས་རང་དབང་གང་དྲན་གྱིས་བྲོས་འགྲོ་ལ་ཉིན་འགའ་ལ་ཆུ་མ་འཐུང་རུང་སྐྱོན་མེད། དགུན་དུས་ཆུ་མེད་ན་ཁ་བ་ལྡག་པས་ཆོག་པ་དང་། ཁ་ཟས་སུ་རྩི་ཤིང་གི་རིགས་གང་ཡིན་ཡང་ཟ་བ་ཡིན། རང་རེའི་བོད་པའི་ལོ་རྒྱུས་ཁ་ཤས་སུ་རྒྱལ་པོ་སྟག་རི་གཉན་གཟིགས་ངོ་སྤྲོད་བྱེད་སྐབས་སྐྱིད་ཤོད་སྟག་མོའི་རི་ལ་རི་དྭགས་གཉན་འགྲོ་བ་གཟིགས་པས་སྟག་རི་གཉན་གཟིགས་ཞེས་མཚན་གསོལ་ཞེས་བྲིས་ཡོད་པ་ཅིང་རྩོམ་རིག་བརྩམས་ཆོས་ཁ་ཤས་སུའང་གཉན་གྱི་སྣང་བརྙན་མཐོང་དུ་ཡོད།
སྐྱེ་འཕེལ་དུས་རིམ་ནི་སྟོན་མཇུག་དང་དགུན་མགོ་ཡིན་པ་དང་མངལ་སྦྲུམ་པའི་དུས་ཡུན་ཕལ་ཆེར་ཉིན་150ནས་ཉིན་160ཡིན་པས་ལོ་རྗེས་མའི་ཟླ་བ་ལྔ་པ་དང་དྲུག་པར་ཕྲུ་གུ་བཙའ། ཕྲུ་གུ་ཁོར་ཡུག་ལ་ལོབས་པའི་ནུས་པ་ཤིན་ཏུ་མཐོ་སྟེ་བཙས་ནས་ཅང་མ་འགོར་བར་རང་བཞིན་གྱིས་ལངས་ཐུབ་ལ་ཨ་མའི་ནུ་མ་ནུ་ཐུབ། ཟླ་གཅིག་ཙམ་འགོར་རྗེས་རྩྭ་ཟ་ཐུབ་པ་དང་ནུ་མ་ཟླ་བ་དྲུག་ཙམ་ལ་བསྣུན་རྗེས་བཀར་བ་ཡིན། ལོ་གཉིས་ལོན་ན་དར་ལ་བབས་ཤིང་ཚེ་ཚད་ལོ་བཅུ་ནས་བཅོ་ལྔ་ཡོད།  

གཉན།

 གཉན་ནི་མདོ་དབུས་མཐོ་སྒང་ལ་མཚོན་ན་ཁྱབ་རྒྱ་ཅུང་ཆེ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་མོད། འོན་ཀྱང་འདིའི་རྭ་ཅོ་དང་གློ་བ། རླིག་འབྲས་སོགས་བོད་སྨན་དུ་འགྲོ་ལ་གཟུགས་གཞིའི་ཆ་བྱད་སྲོག་ཆགས་གཞན་དང་མི་མཚུངས་པས་འགྲེམ་སྟོན་གྱི་རིན་ཐང་ངེས་ཅན་ལྡན་པས་བརྔོན་དངོས་སུ་གྱུར་ཅིང་འཚོ་གནས་ཇེ་ཞན་དུ་སོང་བ་སོགས་ཀྱི་དབང་གིས་གྲངས་ཀ་སྔར་བས་ལྡབ་འགྱུར་གྱིས་ཇེ་ཉུང་དུ་སོང་ནས་ད་ལྟ་ཚོད་དཔག་བྱས་པ་ལྟར་ན་ང་ཚོའི་མདོ་དབུས་མཐོ་སྒང་དུ་གྲངས་འབོར་ཁྲི་གཅིག་ཙམ་ལས་མེད་པས་ང་ཚོས་སྲུང་སྐྱོབ་བྱ་དགོས་ཡོད།།
  • ལེ་ཚན་སྔོན་མ།:ཤྭ་བ་སེར་ཆེན།
  • ལེ་ཚན་རྗེས་མ།:རྐྱང་།