ཁྲུང་ཁྲུང་སྐེ་ནག

        2016-10-17

ཁྲུང་ཁྲུང་སྐེ་ནག

ཁྲུང་ཁྲུང་སྐེ་ནག་ནི་འཛམ་གླིང་སྟེང་མདོ་དབུས་མཐོ་སྒང་ན་མ་གཏོགས་མེད་པའི་རང་རྒྱལ་གྱི་རིམ་པ་དང་པོའི་སྲུང་སྐྱོབ་བྱེད་པའི་སྲོག་ཆགས་ཤིག་ཡིན། ཁྲུང་ཁྲུང་སྐེ་ནག་ཡོད་སའི་ས་ཁོངས་ཆུང་སྟེ། བོད་མདོ་དབུས་མཐོ་སྒང་ལས་གཞན་འབྲུག་ཡུལ་དུའང་ཉུང་ཤས་ཤིག་འཚོ་སྡོད་བྱས་ཡོད་པ་དང་།  སྔོན་རྒྱ་གར་སོགས་སུའང་ཁྲུང་ཁྲུང་ཡོད་པར་བཞེད་མོད་ད་ལྟ་རྒྱུད་ཆད་འདུག   ཁྲུང་ཁྲུང་སྐེ་ནག་ནི་འཕུར་སྐྱོད་བྱེད་པའི་ཆུ་བྱ་ཆེ་གྲས་ཀྱི་རིགས་ཤིག་ཡིན།   དར་ལ་བབ་པའི་ཁྲུང་ཁྲུང་སྐེ་ནག་གི་ལྗིད་ཚད་ལ་སྤྱི་རྒྱ5ནས1.5ཡོད།ཁྲུང་ཁྲུང་སྐེ་ནག་གི་སྒྲོ་སྤུའི་ཁ་དོག་ནི་དཀར་སྐྱ་ཡིན་པ་དང་།  སྤྱི་གཙུག་གི་ཤ་མདོག་དམར་ནག་ཡིན་ཞིང་ཐར་ཐོར་གྱི་སྤུ་ཁ་ཤས་སྐྱེས་ཡོད།  མིག་གི་ལྟག་རྒྱབ་དང་འོག་ཕྱོགས་སུ་མདོག་དཀར་པོའམ་དཀར་སྐྱའི་ཁྲ་ཐིག་ཙམ་ཡོད་པ་ལས་མགོ་དང་སྐེའི་སུམ་ཆའི་གཉིས་ནི་ནག་པོ་ཡིན་པས་ཁྲུང་ཁྲུང་སྐེ་ནག་ཅེས་བྱ།
ཁྲུང་ཁྲུང་སྐེ་ནག་ནི་མཚོ་འཕགས་སྨི2500ནས་སྨི5000གནས་ཀྱི་ན་ཁུག་དང་མཚེའུ།གྲམ་གཞུང་སོགས་བརླན་སའི་ཁོར་ཡུག་ཏུ་འཚོ་སྡོད་བྱེད།  ཁྲུང་ཁྲུང་སྐེ་ནག་ནི་དུས་བསྟུན་གནས་སྤོའི་བྱ་རིགས་ཡིན་ཏེ་ལོ་རེའི་དཔྱིད་ཟླ་གསུམ་པའི་སྐབས་སུ་ཁྱུ་བསྒྲིགས་ནས་དགུན་ས་ཡོན་ཀོའེ་མཐོ་སྒང་ནས་མདོ་དབུས་མཐོ་སྒང་དུ་གནས་སྤོ་ཞིང་།  རྩྭ་ཐང་གི་ན་ཁུག་དང་མཚེའུ་སོགས་སུ་ངལ་གསོ་བྱེད།   ཟླ་བཞི་པའི་ཟླ་སྨད་ནས་སྐྱེ་འཕེལ་གྱི་འགོ་བརྩམས་ཤིང་ཟླ་བཅུ་བར་ཕྱིར་ཡོན་ཀོའེ་མཐོ་སྒང་སོགས་སུ་དགུན་སྐྱེལ་བར་འཕུར་འགྲོ།དགུན་སྐྱེལ་སྐབས་ཁྱུ་ཅུང་ཆེ་སྟེ། སྤྱིར་བཏང་དུ་བཅུ་ཕྲག་ཁ་ཤས་ནས་བརྒྱ་ཕྲག་ཁ་ཤས་མཉམ་དུ་ཡོད།  སྐྱེ་འཕེལ་གནས་སུ་ཁྱིམ་རྒྱུད་མཉམ་སྡོད་བྱེད་པ་དང་།  ལོ་རེའི་ཟླ་ལྔ་པའི་ཟླ་འགོ་ནས་སྐྱེ་འཕེལ་བྱེད་འགོ་རྩོམ།  དུས་རྒྱུན་དུ་སྔ་དྲོ་ནས་ཉིན་གུང་གི་དུས་ཚོད་ནང་འཁྲིག་སྦྱོར་བྱེད་ལ་ཟླ་ལྔ་པའི་ཟླ་སྨད་དུ་སྒོ་ང་གཏོང་པ་ཡིན། ཁྲུང་ཁྲུང་སྐེ་ནག་གིས་ལོ་གཅིག་ལ་སྒོ་ང་གཅིག་དང་གཉིས་ལས་མི་གཏོང་བ་དང་ཕལ་ཆེར་ཉིན་སོ་གསུམ་ནས་སོ་དྲུག་གི་ནང་དུ་སྒོ་ང་གས་ནས་བྱ་ཕྲུག་ཏུ་འགྱུར།
ཁྲུང་ཁྲུང་སྐེ་ནག

ཁྲུང་ཁྲུང་སྐེ་ནག་གི་ཁ་ཟས་གཙོ་བོ་ནི་རྩི་ཤིང་གི་རྩ་བ་དང་མྱུ་གུ་ཡིན་ལ་ཞོར་དུ་ལུས་མཉེན་སྲོག་ཆགས་དང་འབུ་སྲིན།  སྦལ་བ་སོགས་ཀྱང་བཟའ་བར་བྱེད། དགུན་སྐྱེལ་ས་དེ་གའི་ལོ་ཏོག་སྟེ་ཞོག་ཁོག་དང་འབྲས།  གྲོ་དང་ལ་ཕུག་སོགས་ཀྱང་བཟའ།  ཁྲུང་ཁྲུང་སྐེ་ནག་ནི་བོད་མདོ་དབུས་མཐོ་སྒང་ན་མ་གཏོགས་མེད་པའི་ཁྲུང་ཁྲུང་གི་རིགས་ཤིག་ཡིན་པས་རྒྱུད་དཀོན་པ་དང་ཚན་རིག་ཞིབ་འཇུག་ལ་དོན་སྙིང་གལ་ཆེན་ལྡན།།
༼མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།༽ལས་བཤུས།
ཁྲུང་ཁྲུང་སྐེ་ནག
 

  • ལེ་ཚན་སྔོན་མ།:འབྲོང་།
  • ལེ་ཚན་རྗེས་མ།: གཟིག