དོམ་ཁྲ།

        2016-10-10

དོམ་ཁྲ།

དོམ་ཁྲའི་གཟུགས་དབྱིབས་དོམ་དང་འདྲ་ཞིང་ཚོ་ལྟིག་ཅིག་ཡིན། མགོ་བོ་སྒོར་ཞིང་རྔ་མ་ཐུང་། གཟུགས་པོའི་རིང་ཚད་ལ་ལི་སྨི120ནས་ལི་སྨི180དང་རྔ་མའི་རིང་ཐུང་ལ་ལི་སྨི10ནས་ལི་སྨི20ཙམ་དང་ལྗིད་ཚད་ལ་སྤྱི་རྒྱ80ནས་སྤྱི་རྒྱ120ཡོད་ཅིང་ཆེས་ལྕི་བ་ལ་སྤྱི་རྒྱ180ཡོད་པ་ཡིན། མོ་ལས་ཕོ་གཟུགས་ཅུང་ཆེ་བ་ཡིན། མགོ་བོ་དང་ཕུང་བོའི་སྤུ་མདོག་དཀར་ནག་འདྲེས་མར་ཡོད། རྣ་མདོ་དང་མིག་མཐའ། རྣ་ཅོག་དང་སུག་བཞི། སོག་མགོ་བཅས་ནག་པོ་ཡིན་པ་དང་དེ་མིན་ལུས་ཀྱི་ཆ་ཤས་གཞན་རྣམས་དཀར་པོ་ཡིན།
        དོམ་ཁྲ་ལ་རྣོ་ངར་ལྡན་པའི་སྡེར་མོ་དྲུག་ཡོད་པ་དང་རྐང་ལག་གཉིས་ལ་བརྟེན་ནས་སྡོང་མགོར་འགོ་བའི་རྩལ་དང་ལྡན། དོམ་ཁྲའི་སྐྱི་པགས་ཤིན་ཏུ་མཐུག་པོ་ཡིན་པས་ཆེས་མཐུག་སར་ཧའོ་སྨི10ཡས་མས་ཡོད། མིག་ཤེས་དེ་འདྲའི་རྣོན་པོ་མིན། དོམ་ཁྲ་ནི་མཚོ་ངོས་ལས་སྨི2600ནས་སྨི3500ཡིས་མཐོ་བའི་ནགས་ཚལ་སྟུག་པོའི་ཁྲོད་དུ་འཚོ་སྡོད་བྱས་ཡོད། དོམ་ཁྲས་ཉིན་གཅིག་གི་དུས་ཚོད་ལས་ཕྱེད་ཙམ་ལ་ཟ་མ་བཟའ་བ་ལས་དེའི་འཕྲོའི་ནང་གཉིད་བསྡད་ཡོད། དོམ་ཁྲའི་ཚུགས་ཀ་སྙིང་རྗེ་བོ་ཡོད་པས་མི་རྣམས་ཀྱིས་དགའ་པོ་བྱེད་བཞིན་ཡོད་ལ་ལུས་པོ་ཚོ་ལྟིག་ཡིན་ནའང་ལྡེམ་མྱུར་དང་ལྡན་པ་ཞིག་ཡིན་པས་རྣམ་འགྱུར་རྣམ་པ་སྣ་ཚོགས་སྟོན་ནུས། དོམ་ཁྲ་ནི་སྡོང་མགོར་འགོས་ན་ངར་བ་དང་རྩེད་མོ་རྩེ་བར་དགའ་པོ་ཡོད། དེས་རང་འགུལ་གྱིས་གཞན་ལ་རྒོལ་བར་མི་བྱེད་ཅིང་མི་དང་སྲོག་ཆགས་ལ་ཐུག་ན་གཡོལ་ནས་འགྲོ། ཡིན་ནའང་དོམ་ཁྲས་རང་ཉིད་ཀྱི་དོམ་ཕྲུག་སྲུང་སྐྱོབ་བྱེད་པ་ཤིན་ཏུ་དམ་པས་གཞན་གྱིས་དོམ་ཕྲུག་ལ་ངན་བྱེད་པའམ་གམ་ཏུ་བཅར་བ་ཙམ་བྱེད་ནའང་སྲོག་ལ་མི་འཛེམ་པར་རྒོལ་བ་ཡིན།

དོམ་ཁྲ།

ཚང་ལ་འགྲོ་སྐབས་མ་གཏོགས་དོམ་ཁྲ་རྣམས་ཁེར་རྐྱང་གིས་འཚོ་བ་ཡིན་ལ། ཁ་ཟས་གཙོ་བོ་ནི་ས་མགོ་མཐོ་སའི་སྨྱུག་མའི་རིགས་ཡིན་ཞིང་མཚམས་ལན་རེར་རྩི་ཤིང་གཞན་དག་དང་སྲོག་ཆགས་ཤི་བའི་རོའང་བཟའ་བ་ཡིན། དོམ་ཁྲའི་ལྟོ་ཧ་ཅང་ཆེ་བས་ཉི་མ་རེར་ཟས་སྤྱི་རྒྱ་བཅུ་གཉིས་ནས་སོ་བརྒྱད་ཟ་བ་དང་། ཉི་མ་རེ་རེར་ཆུ་ཁར་ཆུ་འཐུང་དུ་འགྲོ་བ་ཡིན།  དོམ་ཁྲ་ཚང་ལ་འགྲོ་བའི་དུས་ནི་ལོ་རེའི་དཔྱིད་ཟླ་གསུམ་པ་ནས་དབྱར་ཟླ་ལྔ་བའི་བར་ཡིན་པ་དང་མངལ་སྦྲུམ་པའི་དུས་ཡུན་ནི་ཟླ་བ་ལྔ་ཡིན། སྟོན་ཟླ་བརྒྱད་པ་ནས་སྟོན་ཟླ་བཅུ་བར་ཕྲུ་གུ་བཙའ་བ་ཡིན། བཙའ་ཐེངས་རེར་དོམ་ཕྲུག་གཅིག་རེ་བཙའ་བ་ཡིན། དོམ་ཁྲ་ནི་རང་རྒྱལ་གྱི་རྒྱལ་ནོར་དུ་བགྲང་བ་དང་འཛམ་གླིང་རང་བྱུང་ཁོར་ཡུག་ཐེབས་རྩའི་མཚོན་རྟགས་ཡིན་པ་དང་བལྟས་ན་སྙིང་རྗེ་བོ་ཡོད་ཅིང་མིག་ལ་མཛེས་པས་འཛམ་གླིང་མི་དམངས་ཀྱིས་དགའ་བསུ་ཐོབ་བཞིན་ཡོད་ལ་དོམ་ཁྲ་ནི་སྐྱེ་དངོས་ཀྱི་འགྱུར་རྡོ་རུ་ངོས་འཛིན་གྱིན་ཡོད།
        འགྲོ་བ་མིའི་རིགས་ཀྱིས་ནགས་ཚལ་གཅོད་དྲགས་པ་དང་ཚད་ལས་བརྒལ་བའི་ལྐོག་རྔོན་བྱས་པ། ཁོར་ཡུག་ཇེ་ཞན་དུ་གྱུར་པ་སོགས་ཀྱི་དབང་གིས་དོམ་ཁྲའི་གྲངས་ཀ་ཇེ་ཉུང་དུ་ཕྱིན་མོད། ཉེ་བའི་ལོ་ཤས་རིང་འབད་པས་སྲུང་སྐྱོབ་ལ་བརྟེན་ནས་གྲངས་ཀ་ཅུང་འཕར་འདུག་པ་དང་དོམ་ཁྲ་ནི་རང་རྒྱལ་གྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་སུ་གཏོགས་པ་ཡིན།།
༼ མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།༽ལས་བཤུས།


  • ལེ་ཚན་སྔོན་མ།:རྟ་མཆོག
  • ལེ་ཚན་རྗེས་མ།:འབྲོང་།