འཕར་བ།

        2017-02-20

འཕར་བ།

འཕར་བའི་ཚུགས་ཀ་ཕལ་ཆེར་སྤྱང་ཀི་དང་ཁྱི་ལ་འདྲ་བ་དང་། གཟུགས་པོའི་རིང་ཚད་ལ་ལི་སྨི100ཡས་མས་དང་ལྗིད་ཚད་ལ་སྤྱི་རྒྱ10ལྷག་ཡོད། འཕར་བ་ནི་དཔེ་མཚོན་གྱི་རི་ཁུལ་སྲོག་ཆགས་ཡིན་ཞིང་རི་ཁུལ་རྩྭ་ཐང་དང་རི་ཁུལ་ནགས་ཁྲོད་དུ་འཚོ་སྡོད་བྱེད། མང་ཆེ་བ་ཁྱུ་བསྒྲིགས་ནས་ཁ་ཟས་འཚོལ། འཕར་བའི་རྣམ་རིག་གྲིམ་ཞིང་སྣ་ཤེས་ཀྱི་ཚོར་བ་སྐྱེན་པོ་ཡོད་ཅིང་ས་སྲོད་དང་ཐོ་རངས་སུ་འགུལ་སྐྱོད་བྱེད་པ་ཡིན། འཕར་བར་གདུག་རྩུབ་ཆེ་ཞིང་བདའ་འདེད་བྱེད་པར་དགའ་ལ་བརྔོན་དངོས་མཐོང་ཚེ་མང་པོ་གཅིག་ཏུ་སྒྲིལ་ཞིང་རུབ་ཏེ་འཛིན་པ་ཡིན། ཁ་ཟས་གཙོ་བོར་ཁ་ཤྭ། གླ། ལུག་དང་ར་མ་སོགས་རྨིག་ཅན་སྲོག་ཆགས་འབྲིང་གྲས་ཀྱི་ཤ་ཟ་ལ། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་ཁོངས་སུ་གཏོགས།
འཕར་བའི་སྤུ་མདོག་ཁམ་དམར་ཡིན་ལ་མ་མགལ་གྱི་ཕྱོགས་སོ་སོར་འགྲམ་སོ་གཉིས་རེ་ཡོད། རྔ་མའི་རིང་ཐུང་ལ་ལི་སྨི45ནས་ལི་སྨི50ཡོད་ཅིང་རྔ་མའི་སྤུ་མཐུག་ལ་རིང་ཞིང་མདོག་ཁམ་ནག་ཡིན་པས་ཝ་མོའི་རྔ་མ་དང་འདྲ། འཕར་བ་ནི་སྟོབས་དང་ལྡན་པའི་མཆེ་ལྡན་སྲོག་ཆགས་ཤིག་ཡིན་ཏེ་སྤྱང་ཀིའི་ཆེ་ཆུང་མེད་མོད་རྩལ་ཤུགས་སྤྱང་ཀི་ལས་འགོངས་པ་ཡིན། མགོའི་ཞེང་ཆེ་ལ་དཔྲལ་བ་སྙོམས་ཞིང་དམའ་བ་དང་རྣ་བ་ཐུང་ཞིང་སྒོར་ལ། དཔྲལ་རུས་དཀྱིལ་དབུས་འབུར་ནས་ཡོད་པས་ཟུར་ནས་བལྟས་ན་ངོ་འབུར་ནས་ཡོད་པ་ལྟར་སྣང་། སུག་བཞི་ཐུང་ལ་སྤུ་མཐུག་ཅིང་སྦོམ་པ་དང་དུས་ཚིགས་དང་སྐྱེས་གནས་མི་འདྲ་བའི་དབང་གིས་མི་འདྲ། སྤྱིར་བཏང་དུ་མགོ་དང་སྐེ། སོག་མགོ་དང་རྒྱབ་གཞུང་། སུག་བཞིའི་ཕྱི་ངོས་སོགས་ཀྱི་སྤུ་མདོག་ཁམ་སྨུག་ཡིན་པ་དང་ལྟོ་བ་དང་སུག་བཞིའི་ནང་ངོས་ཀྱི་སྤུ་མདོག་དཀར་ཤས་ཆེ་བའམ་སེར་པོ་ཡང་ན་སྨུག་སྐྱ་ཡིན།
འཕར་བ་ནི་གཏུམ་དྲག་ཆེ་ཞིང་སྤོབས་པ་ཆེ་ལ་སྲོག་ཆགས་ཆེ་ཆུང་གང་ལ་ཐུག་རུང་འཇིགས་སྐྲག་མི་སྐྱེས། རྒྱུགས་ན་མགྱོགས་ཤིང་མཆོང་བའི་རྩལ་དང་ལྡན། འཕར་བ་སྦྱོར་སྤྲོད་བྱེད་པའི་དུས་ཚོད་ནི་སྟོན་ཁ་ཡིན་པ་དང་སྐབས་དེར་ཕོ་མོ་མཉམ་སྡེབ་ཀྱིས་འགུལ་སྐྱོད་བྱེད་བཞིན་ཡོད། མངལ་སྦྲུམ་པའི་དུས་ཡུན་ཉིན་དྲུག་ཅུ་ནས་དྲུག་ཅུ་རེ་ལྔ་ཡིན་ལ་དགུན་དུས་སུ་ཕྲུ་གུ་བཙའ། ཨ་མ་གཅིག་གིས་ཕྲུ་གུ་གཉིས་ནས་དྲུག་རེ་དང་ཆེས་མང་བས་དགུ་བཙའ་བ་དང་ལོ་གཅིག་ནས་ལོ་གཅིག་དང་ཕྱེད་ཀའི་དུས་སུ་དར་ལ་བབས་ཤིང་ཚེ་ཚད་ལོ་བཅོ་ལྔ་བཅུ་དྲུག་ཡིན། འཕར་བའི་སྒྲིག་ཁྲིམས་དམ་ཞིང་ཞིབ་ཚགས་ཡིན་ལ་ཐོབ་ཐང་གི་གོ་གནས་དབྱེ་བ་ཤིན་ཏུ་གསལ་བ་དང་རྒྱལ་འབངས་དབྱེ་བ་ཡོད་ཅིང་ཆ་ཚང་བའི་དམག་གི་རྩ་འཛུགས་ཤིག་དང་མཚུངས།
འཕར་བ་ནི་རྒྱལ་ནང་གི་ཁྱབ་ཁོངས་ཀྱི་ས་རྒྱ་ཆེ་ནའང་གྲངས་འབོར་ཉུང་བ་དང་། རང་བྱུང་ཁོར་ཡུག་ལ་ཚད་མི་འདྲ་བའི་གཏོར་བརླག་ཐེབས་ནས་འཚོ་སྡོད་ཀྱི་གནས་དང་ཡིབ་སྦས་བྱེད་གནས་མེད་པར་གྱུར་ཅིང་ཁ་ཟས་སུ་གྱུར་པའི་རི་དྭགས་ཇེ་ཉུང་དུ་གྱུར་པ་དང་གཅིག། འཕར་ཤ་སྨན་དུ་འགྲོ་བས་མིའི་རིགས་ཀྱིས་གནོད་འཚེའི་རྔོན་འཛིན་བྱེད་པ་དང་གཉིས་ཀྱི་དབང་གིས་རིགས་རྒྱུད་སྟོང་ལ་ཉེ་བའི་སྲོག་ཆགས་ཀྱི་གྲས་སུ་གཏོགས་པས། གང་ལེགས་ཀྱིས་སྲུང་སྐྱོབ་བྱ་དགོས་ཡོད། སྔོན་ཆད་འཕར་བ་ནི་གནོད་ཅན་སྲོག་ཆགས་ལ་ངོས་བཟུང་ནས་སྲུང་སྐྱོབ་མ་ཐོབ་མོད། རྒྱལ་ཁབ་ཀྱིས་སྲུང་སྐྱོབ་སྲོག་ཆགས་ཀྱི་ཁོངས་སུ་བཞག་པ་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་ཇེ་མང་དུ་སོང་བ་དང་མཉམ་དུ་གྲངས་འབོར་རིམ་གྱིས་ཇེ་མང་དུ་གྱུར་པ་དང་སྔར་གྱི་རྣམ་པ་སླར་སོས་བྱུང་ཡོད།།

༼མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།༽ལས་བཤུས།


  • ལེ་ཚན་སྔོན་མ།:རྐྱང་།
  • ལེ་ཚན་རྗེས་མ།:དབྱི།