2025-05-16
མཐིང་གི་མཁའ་ལ་དུ་བ་ལྡ་ལྡི་ཨ་སྔོན་གོས་ཀྱི་ཤམ་བུ་མནབས་ཤིང་། །
གངས་དཀར་རི་བོས་སྨུག་སྤྲིན་ཐོར་ཅོག་མཛེས་སྡུག་ལན་བུའི་ཚུལ་དུ་འཕྱང་བ། །
མརྒད་གཡུ་མཚོའི་བཻཌཱུར་ལྟོ་བར་གསེར་མིག་གཤོག་ལྡན་སྐྱིད་པའི་གར་རྩེན། །
ཕྱི་སྣོད་ཁོར་ཡུག་ཉམས་དགའི་སྐྱེད་ཚལ་སྐབས་གསུམ་འདི་རུ་འཕོས་པ་འདྲ་བྱུང་། །
ཡར་གྱི་ལུང་གསུམ་རི་བོའི་མགུལ་དུ་ཕྱུགས་རིགས་དོ་ཤལ་གནམ་ནས་ཆད་འདྲ། །
མར་གྱི་ཐང་ཆེན་སྤང་གཞོང་ཡངས་པོར་འདོ་བ་གཤིབ་པའི་རྨིག་སྒྲ་མཆེད་པ། །
སྦྲ་ནག་གྲུ་བཞིའི་ཁྱིམ་ཕུགས་ནང་ན་ཨ་མྱེས་གཏམ་གྱི་འོ་ཇ་འཕྱུར་ཞིང་། །
ཕ་ས་འབྲོག་གི་རུ་སྡེ་ཕྱུག་མོ་སྲོལ་རྒྱུན་རིག་གནས་མཛོད་ཀྱི་རྟེན་ཡིན། །
རྩྭ་ཐང་ཆུ་བོས་སྨན་རྩྭ་འཁུར་བས་ལུས་ཀྱི་བདེ་ཐང་གསོ་བའི་གཞི་འམ། །
རྩི་ཤིང་སྨན་སྣས་ཁོར་ཡུག་བཀླུབས་པ་གངས་ཅན་བསིལ་ལྡན་སྨན་གྱི་ར་བ། །
བུ་ལ་སྲོལ་རྒྱུན་སློབ་གསོའི་དྲི་བསྒོས་ཕ་ས་དངུལ་དཀར་གཞོང་པའི་ནང་ན། །
གཤིས་འཇམ་སྤྱོད་པའི་སྤོས་དྲི་འཐུལ་བ་འཚོ་བ་གཤའ་མའི་རྣམ་པ་འདི་བསོད། །
མ་བཏབ་རང་བྱུང་མེ་ཏོག་གླིང་ན་སྐྱིད་པའི་དགོད་སྒྲ་རླུང་ལ་བསྐུར་ཅིང་། །
དབྱར་གྱི་མཛེས་སྡུག་ལོངས་སུ་སྤྱོད་མཁས་འབྲོག་མི་སྨུག་པོ་རྟ་དང་འགྲོགས་ཡོད། །
སྨན་ཤར་ལྷ་ཡི་བུ་མོ་འདྲ་བ་རང་ཁྱིམ་སྐྱིད་པའི་གྲོགས་སུ་བཀུགས་ཏེ། །
འདོད་དགུའི་ལོངས་སྤྱོད་དཔལ་དུ་ཆས་པས་དགའ་སྐྱིད་ཁྲུང་ཁྲུང་མཚོ་ལ་བབས་ཡོད། །
རྒྱང་རིང་རི་བོའི་ཉག་ཁ་ཞིག་ན་སྦྲ་ནག་སྒོ་དར་རླུང་གིས་གཡོས་ཤིང་། །
བཞོ་ཟེའུ་ལག་པས་བསྣམས་པའི་གྲིབ་གཟུགས་འབྲོག་མོ་མིག་ལ་ཅུང་ཙམ་ཤར་བྱུང་། །
འབྲོག་སྡེ་སྨུག་པོའི་རུ་བ་མཐོང་ན་མཐོ་སྒང་ཡུལ་གྲུའི་སྣང་བརྙན་གསོན་པོ། །
བདེ་སྐྱིད་འདི་ལས་གཞན་ཞིག་མེད་པ་ལྷིང་འཇག་འབྲོག་གི་འཚོ་བ་བསོད་དོ། །
གཞོན་ནུ་རེ་འགས་དངུལ་སྲབ་ཁྱེར་ཏེ་བྱིས་པར་ཆུང་ནས་རྟ་རྩལ་བསླབས་ཤིང་། །
རྒན་པ་ཁ་ཅིག་ལྷན་དུ་འདུས་ནས་སྲིད་པ་གཏམ་གྱི་ཨ་ལོང་སྐོར་བཞིན ། །
ཤ་དང་འབྲི་མར་ཟས་ལ་རོལ་བ་འབྱོར་ལྡན་འབྲོག་གི་འཚོ་བ་གཤའ་མ། །
མཁའ་དབུགས་རྒྱུ་བ་རབ་ཏུ་དྭངས་པས་དབྱར་གཞུང་སྐྱིད་པའི་དགའ་ཚལ་འདི་རྨད། །
བལ་སྐུད་འཁེལ་ཞིང་རྩིད་པ་བསེད་པའི་སྔོན་གྱི་གོམས་སྲོལ་ཅུང་ཟད་ཆད་འདུག །
སྦྲ་ཁྱིམ་སྨུག་པོའི་སྒྱེད་པུ་བོར་ཞིང་གུར་ཚོམ་པད་དཀར་ཐང་ན་བཀྲམ་འདུག །
ཕྱིང་ལྭ་གྱོན་ཏེ་ཁོག་སྟོད་དམར་རྗེན་ཨ་མྱེས་གནའ་མིའི་ཕྲེང་ཐག་ཟད་འདུག །
མུན་པ་རབ་རིབ་མེ་ལྕེ་ལྷབ་ལྷུབ་འགྱུར་ལྡོག་ཅིག་གི་རླུང་བུ་ལྡང་བྱུང་། །
གནའ་མི་གཤིས་བཟང་ཧ་རིའི་ཙན་དན་མ་ལ་ཡཱ་ཡི་དྲི་ངད་བོར་ཞིང་། །
དེང་དུས་བློ་ཁོག་ཁབ་མིག་ལྟར་ཕྲ་གཞན་སྐྱོན་རིལ་མ་རི་བོར་མཐོང་བའི། །
གུ་དོག་བསམ་བློའི་མྱ་ངམ་ཐང་ན་གཉེན་ཉེ་འགལ་ཟླའི་ཤ་འོད་རྒྱུགས་པའི། །
ཞེ་དཀར་འདང་གི་ཟམ་པ་ཞིག་མཁན་ན་མཉམ་ཁྲོད་ན་བྲུད་བྲུད་མིན་བཞག །
སྟོན་ལ་གསེར་མདོག་དབྱིག་འཛིན་སྒེག་མོ་གསེར་ཞུན་ཁུ་བ་ས་ལ་བཀྱེས་འདྲ། །
ཨ་གར་སྟག་པ་ཤིང་སྣའི་ཁ་མདོག་དམར་སེར་བླ་སྤྲུལ་འདུས་སྡེ་འདྲ་བ། །
པཉྩ་ལི་ཀའི་གོས་བཟང་སྤ་བའི་ནགས་ཀླུང་ཁུ་བྱུག་སྒྲ་སྙན་འཁྲོལ་གནས། །
རྟོགས་ལྡན་དགྱེས་ཞལ་མཆོད་པའི་གནས་མཆོག་རང་བྱུང་འདི་འདྲ་གཞན་ན་མེད་དོ། །
ཆུ་བོའི་སྙན་གླུ་ཤང་ཤང་འབབ་པའི་རང་བྱུང་སྲུང་སྐྱོབ་ང་ཚོས་བྱས་ཡོད། །
གད་སྙིགས་རྒུམ་བཞིན་ཕ་ཡུལ་རི་ཆུའི་མཛེས་སྡུག་མེ་ལོང་བྱི་དོར་བྱས་ཡོད། །
ཕ་ས་མ་མོའི་བྲང་གཞུང་འདྲ་བོར་ཞེ་འདང་འོ་མའི་མར་ལོ་བསྲུབས་ཡོད། །
དེ་ཕྱིར་ཕ་ཡུལ་གད་པ་ཡིན་ཡང་ཞེ་གཏིང་དྲན་པའི་བྲག་རི་ལྕི་བ། །
ཕ་ས་ལག་མཐིལ་ཙམ་ལས་མེད་ཀྱང་ཡུལ་གྱར་ཞིག་གི་སྙིང་ལ་བརྗིད་པ། །
ཕ་ས་སྨུག་པོ་བསྐྱུར་ནས་སོང་ན་བྱིས་པ་རློན་པར་འོ་མ་ཆད་འདྲ། །
བྱེས་བསྐྱོད་གནས་འགྲོ་བུ་མོ་ཞིག་གི་ཕྱིར་དྲན་ཁྲོད་ཀྱི་བརྩེ་དུང་འབུལ་ས། །
ཕ་གཞིས་ཤིག་གི་འཚོ་བ་བསམས་ན་བག་ཕེབས་བློ་ལ་ཉི་མ་ཤར་འདྲ། །
རི་འདི་ང་ཚོས་བརླགས་ན་མི་ཆོག་མེས་པོའི་བླ་རི་དཀར་དཀར་དེ་ཡིན། །
ཆུ་འདི་ང་ཚོས་རྙོག་ན་མི་ཆོག་ཀླུ་རིགས་སྟོང་གི་མཚོ་གནས་ཡིན་སོང་། །
རི་ཆུ་ཟུང་གི་ཕང་བ་འདི་ནས་མེས་པོའི་སྲོལ་རྒྱུན་གསེར་གྱི་ཕྲེང་བ། །
ཕྱི་རབས་ང་ཚོས་སྔར་བཞིན་གཅེས་དགོས་འབྲོག་པ་འཛམ་གླིང་རྒྱན་དུ་གྱུར་ཡོད། །
རྩོམ་པ་པོ། མ་རུའི་ཚེ་དཔག་སྐྱབས།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10