ལྡོང་རོང་བསོད་ཐར། 2025-03-05
རབ་དཀར་ཤེལ་གྱི་ཕོ་བྲང་ཆེ།།
རིན་ཆེན་སྣ་ལྔའི་གཞལ་ཡས་ནས།།
ཀླུ་རྒྱལ་འཁོར་བཅས་མགྲོན་ལ་བྱོན།།
སྡེ་བརྒྱད་རྒྱུ་སྐར་བྱེ་བའི་དཀྱིལ།།
རྟ་བདུན་ཀླུ་བརྒྱད་ལས་བཞི་ཡི།།
དབང་གི་ནོར་བུ་ལྷ་ལམ་ནས།།
འདོད་རྒུའི་འོད་ཟེར་དཔལ་འབར་ཅིག།
ཡིད་འོང་མཛེས་ལྡན་ཀླུ་སྨན་སྐྱིད།།
དགྱེས་འཛུམ་གཡང་གི་མདའ་དར་འཕྱར།།
སྣོད་བཅུད་རྩི་ཡི་བཀྲག་མདངས་དང་།།
ནང་བཅུད་གཡང་གི་མི་ནོར་ཁུགས།།
མངོན་མཐོའི་སྡེ་བཞིའི་ལོངས་སྤྱོད་ཀུན།།
ཉི་ཤར་ལོ་འགོའི་སྣོད་བཟང་དུ།།
འཛད་མེད་ཡུན་དུ་འཁྱིལ་བ་ཡི།།
བཀྲ་ཤིས་གང་གཱ་མ་ཡིས་སྲུངས།།
རང་ལུགས་གཙུག་ལག་ཆུ་གཏེར་ཁྱོན།།
ཚན་རྩལ་རིན་ཆེན་སྣ་ཚོགས་གླིང་།།
དེད་དཔོན་རིགས་མཐུན་ན་གཞོན་ཁྱུ།།
མཐུན་རྐྱེན་ཀླུ་དབང་མགོན་པོས་གཟིགས།།
བགྲེས་པོའི་སྐུ་ཐང་ཆུ་རྒྱུན་བསྲིངས།།
གཞོན་པའི་དགའ་ཕྱོགས་རླབས་ཀྱིས་རྩེན།།
དར་མའི་དཔྱོད་ཤེས་གངས་ཆུའི་མདངས།།
ཆུ་ལྷ་འཁོར་བཅས་དཔུང་གཉེན་བཞུགས།།
ཆུང་བ་ཡུལ་སྡེར་དགའ་སྐྱིད་འཛོམས།།
ཆེ་བ་རྒྱལ་ཁམས་བདེ་ཞིང་བརྟན།།
ཕོ་མོ་མཐུན་པའི་མཛའ་བཅུགས་ལ།།
མི་འཁྲུག་ཆུ་གཏེར་མ་མས་སྐྱོངས།།
མཉེན་ལྕུག་མཛེས་པའི་ཤིང་སྦྲུལ་མ།།
གཙུག་ན་རིན་ཆེན་ཡོན་ཏན་འཛིན།།
རྫོགས་ལྡན་བོད་ཀྱི་ལོ་སར་འཆར།།
དུས་བབས་གཡང་གི་སྣ་འདྲེན་མཛོད།།
རྩོམ་གསར། 10