བཀྲ་ཤིས་ལོ་སར་འཛུམ་གྱིས་བསུ།

ཨོ་ཏོག་བསྟན་ཉི།        2025-02-28

            ལོ་ཡི་ལ་མོ་ཧོབ་ཀྱིས་བརྒལ་ཐེངས་རེར།།

ཚེ་ཡི་མར་མེ་ཀོང་གཅིག་ཉུང་དུ་ཕྱིན།།

དེ་ནི་འཇིག་རྟེན་འཁོར་བའི་ཆོས་ཉིད་དེ།།

ཡིབ་པའི་གནས་ཤིག་བཙལ་ཀྱང་རྙེད་རྒྱུ་མེད།།

འདས་པའི་ལོ་ཡི་འཁོར་མོ་གཅིག་གི་ནང་།།

སྐྱིད་སྡུག་སྣ་ཚོགས་མགོ་བོའི་ཐོག་ཏུ་ལྷུང་།།

དེ་དག་དང་དུ་མི་ལེན་ཐབས་མེད་རེད།།

སྐྱིད་དུས་དགའ་འཛུམ་མེ་ཏོག་ལྷུག་ལྷུག་བཞད།།

སྡུག་དུས་མགོ་བོ་སྒུར་བཞིན་མདུན་དུ་བསྐྱོད།།

འཇིག་རྟེན་འཁོར་བའི་གྲོང་གི་མགྲོན་པོ་རྣམས།།

ང་དང་ང་འདྲ་ཡིན་པ་སྨོས་ཅི་དགོས།།

སོང་བའི་ལམ་ལ་བློ་འགྱོད་མེད་དང་གཅིག།

མ་འོངས་ལམ་བུ་རེ་བས་ཁེངས་དང་གཉིས།།

གང་བྱེད་ལས་ལ་རྒྱུ་འབྲས་སྲུང་དང་གསུམ།།

ཨ་མའི་བུ་དང་བུ་མོའི་དམ་ཚིག་རེད།།

འཆར་ལ་ཉེ་བའི་གནམ་ལོ་གསར་པའི་ནང་།།

ནང་མི་ལྷན་འཛོམས་དགའ་སྤྲོའི་དཔལ་ལ་རོལ།།

རོང་འབྲོག་གཉིས་ཀ་ཕྱུག་པོའི་ལམ་དུ་བསྐྱོད།།

རྒན་པ་རྣམས་ནི་ཚེ་ཐག་རིང་བར་ཤོག།

གཞོན་པ་རྣམས་ནི་ཕུགས་འདུན་འགྲུབ་པར་ཤོག།

བྱིས་པ་རྣམས་ནི་བློ་རིག་གསལ་བར་ཤོག།

གནམ་ལོ་གསར་པ་རེ་བ་གསར་པ་དགོས།།

སེམས་ཀྱི་སྦུགས་སུ་འོད་ཀྱིས་ཕྱུག་པར་དགོས།།

དགའ་བའི་ལས་ཀ་འབད་པས་ཡུན་གྱིས་བསྒྲུབ།།

ན་ལོའི་ལོ་ནང་བསྒྲུབ་ཚར་མེད་པ་དག།

ད་ལོའི་ལོ་ནང་རིམ་གྱིས་འགྲུབ་པར་སྨོན།།

གནམ་ལོ་གསར་པའི་ཉི་ཟེར་འཕྲོས་པ་ན།།

ལུས་སེམས་གཉིས་ཀ་དྲོད་ཀྱིས་ཕྱུག་པར་ཤོག།

ང་ཡི་ཕ་མ་མིང་སྲིང་གྲོགས་པོ་དང་།།

ཤ་ཉེ་སྤུན་ཟླ་ཡོངས་སུ་རྫོགས་པ་ལ།།

ལག་ཟུང་མཉམ་དུ་འཇུ་བཞིན་མདུན་ཕྱོགས་སུ།།

བཀྲ་ཤིས་ལོ་སར་འཛུམ་གྱིས་བསུ་རུ་འགྲོ།།


  • ལེ་ཚན་སྔོན་མ།:བོད་ལོ་སར་དབྱངས་གསལ་སོ་བཞིས་མཆོད།
  • ལེ་ཚན་རྗེས་མ།:རེ་བའི་གནམ་ལོ་གསར་པ།