རེ་བའི་གནམ་ལོ་གསར་པ།

རྫ་ཤུལ་བློ་བཟང་།        2025-02-28

            གནམ་ལ་སྤྲོས་མེད་བདེ་ཆེན་དག་པའི་ཞིང་། །

ལྷུན་འགྲུབ་བདེ་སྟོང་མགུར་མའི་དབྱངས་རྟ་སྙན། །

དུས་འདིར་ཁ་གཡང་སྙན་མོའི་གཞས་ཀྱིས་བཀང་། །

གང་བསམ་ལྷུན་གྱིས་འགྲུབ་པའི་རྟེན་འབྲེལ་ཡིན། །

སྟོད་ན་ལྷ་བསང་སྔོན་མོའི་དྲི་ངད་འཐུལ། །

དྭངས་གཙང་ཡོན་ཆབ་དགྱེས་པའི་མཆོད་པ་ཡག །

དེ་རིང་བཀྲ་ཤིས་གནམ་ལོ་གསར་ཚེས་ལ། །

མཆོད་པ་ལྷ་ལ་ཕུལ་ཡོད་རིགས་མཐུན་ཚོགས། །

བར་ན་བསོད་ནམས་རླུང་རྟའི་སྙན་པ་བསྒྲེངས། །

བདུད་རྩི་ནས་ཆང་མངར་མོས་མཆོད་པ་ཕུལ། །

དུས་གསར་དུས་ཀྱི་དགའ་སྟོན་རོལ་བའི་ཉིན། །

ཁ་ལས་དགེ་མཚན་འབར་བའི་རྟགས་མཚན་ཡིན། །

ནང་མཐུན་ཕུ་ནུ་ལྷན་འཛོམས་བྱུང་བའི་དུས། །

དགའ་སྟོན་དཔལ་ལ་རོལ་བའི་དུས་བཟང་ཉིན། །

གནམ་ལོ་གསར་པ་ཁ་གཡང་ཚིག་གིས་བརྒྱན། །

དགེ་ལེགས་དོན་ཀུན་འགྲུབ་པའི་རྟེན་འབྲེལ་ཡིན། །

དཀར་དམར་ཟས་ཀྱི་མཆོད་པ་བཤམས་སྟངས་ཡག །

ལྡེམ་ལྡེམ་བྲོ་ཡིས་གར་སྟབས་མིག་ལམ་མཛེས། །

སྙན་སྙན་དབྱངས་ཀྱི་ང་རོས་ཡིད་འཛིན་འཕྲོག། །

གནམ་ལོ་གསར་ཚེས་དགའ་བའི་སྐྱིད་ལ་རོལ། །

དཀར་དཀར་འཛུམ་པའི་སོ་ཕྲེང་ཚར་དུ་དངར། །

མཛེས་མཛེས་གཞོན་ནུའི་ལང་ཚོ་ངོམ་པ་མཚར། །

ལམ་ལམ་གློག་འོད་འཚེར་བའི་དུས་ཆེན་ཏེ། །

བོད་ཀྱི་ལོ་སར་བསུ་བའི་དགའ་སྟོན་རེད། །

དེ་རིང་བཀྲ་ཤིས་རྫོགས་ལྡན་བསུ་བའི་ཉིན། །

སྨོན་འདུན་བཟང་པོ་འཛམ་གླིང་ཡོངས་ལ་ཕུལ། །

དེ་རིང་བཀྲ་ཤིས་དོན་བཟང་འགྲུབ་པའི་ཉིན། །

འཛུམ་པའི་ཨུཏྤལ་སེམས་ཀྱི་དབུས་སུ་འཁྲུངས། །

དེ་རིང་གནམ་ལོ་གསར་དུ་ཚེས་པའི་ཉིན། །

སྨོན་འདུན་རུམ་གང་བཟུང་ནས་མདུན་དུ་ཆས། །

ཕུགས་བསམ་རིང་མོ་ཞིག་ལ་ཡིད་གཏད་ནས། །

གནམ་ལོ་གསར་པ་རེ་བའི་འོད་སྣང་འཆར། །

འགྲོ་བའི་བགོ་སྐལ་བཟང་པོ་མ་དམན་པས། །

ལྷ་ཆོས་དཀར་པོ་མི་ཡུལ་ཡོངས་ལ་ཁྱབ། །

བདེ་སྐྱིད་འོད་སྣང་དཀར་པོའི་སྣང་བ་སྟེར། །

ཐུབ་བསྟན་ལུང་རྟོགས་རྒྱས་པའི་ལོ་སར་བཟང་། །

གཞོན་པའི་ལང་ཚོ་སྔར་ལས་མཛེས་སྡུག་ལྡན། །

ཤེས་རིག་པདྨའི་འདབ་བཟང་བགད་པར་སྨོན། །

ཨ་ཇོའི་བསོད་ནམས་སྙན་གྲགས་འབྲུག་བཞིན་ལྡིར། །

དབང་ཐང་རླུང་རྟ་དར་བའི་ལོ་སར་བསུ། །

གངས་ཅན་ཕུ་ནུའི་མཐུན་སྒྲིལ་སྔར་ལས་དམ། །

སྐད་དང་ཡི་གེའི་དར་ཆ་མཁའ་རུ་སྒྲེང་། །

ཆོས་ལྡན་བོད་པའི་བསམ་དོན་ལྷུན་གྱིས་འགྲུབ། །

རྟེན་འབྲེལ་ཁ་གཡང་ཚིག་གིས་ལོ་སར་བསུ། །


  • ལེ་ཚན་སྔོན་མ།:བཀྲ་ཤིས་ལོ་སར་འཛུམ་གྱིས་བསུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།