2025-03-04
མི་མང་པོ་ཞིག་གིས་དགོང་མོ་གཉིད་ཉལ་སྐབས། ཁ་པར་སྔས་འབོལ་གྱི་འགྲམ་དང་མལ་ཁྲིའི་འགྲམ་གྱི་ཅོག་ཙེ་སྟེང་འཇོག་བཞིན་ཡོད། རྒན་རབས་པས་མཐོང་སྐབས་རྒྱུན་དུ་ཁ་པར་སྔས་འབོལ་གྱི་འགྲམ་དུ་མ་འཇོག། འགྱེད་འཕྲོ་ཡོད་པས་འབྲས་སྐྲན་སློང་སྲིད་ཅེས་ཤོད་ཀྱི་ཡོད། བཤད་སྲོལ་དེར་ཡིད་ཆེས་ན་འགྲིག་གམ།
ཁ་པར་སྔས་འབོལ་གྱི་འགྲམ་དུ་བཞག་ན་འབྲས་སྐྲན་སློང་ངམ། མིག་སྔར་ཁ་པར་གྱི་འགྱེད་འཕྲོ་ཡིས་འབྲས་སྐྲན་སློང་སྲིད་པ་ར་སྤྲོད་བྱེད་ཐུབ་པའི་ཞིབ་འཇུག་འདང་ངེས་ཤིག་མེད། སྤྱིར་འགྱེད་འཕྲོ་ལ་གློག་གྱེས་འགྱེད་འཕྲོ་དང་གློག་གྱེས་མིན་པའི་འགྱེད་འཕྲོ་ཞེས་རིགས་གཉིས་སུ་དབྱེ་སྟེ། སྨན་ཁང་གིCTདངXའོད་ལྟ་བུ་ནི་གློག་གྱེས་འགྱེད་འཕྲོའི་ཁོངས་སུ་གཏོགས་ཤིང་། སྦྱོར་ཚད་ངེས་ཅན་ཞིག་ལས་བརྒལ་ན་ང་ཚོའི་བདེ་ཐང་ལ་གནོད་འཚེ་ཐེབས་ངེས། ཁ་པར་བེད་སྤྱོད་བྱེད་སྐབས་ཀྱི་འགྱེད་འཕྲོ་ནི་འཕྲོ་ཟློས་ནུས་ཚད་ཡིན་ཞིང་། དེ་ནི་ཆུ་ཚད་དམའ་བའི་གློག་གྱེས་མིན་པའི་འགྱེད་འཕྲོ་ཞིག་ཡིན་ལ། འགྱེད་འཕྲོ་དེའི་རིགས་ཅུང་བདེ་འཇགས་ཡིན་པས། སྤྱིར་བཏང་བདེ་ཐང་ལ་གནོད་འཚེ་མི་ཐེབས་པ་དང་འབྲས་སྐྲན་སློང་བའི་ཉེན་ཁ་འབྱུང་མི་སྲིད། ཁ་པར་གྱི་འགྱེད་འཕྲོ་ནི་སྐྲག་དགོས་པ་ཞིག་མིན་མོད། གཉིད་ཉལ་ཁར་ཁ་པར་རྩེ་བ་ནི་ད་གཟོད་བདེ་ཐང་ལ་གནོད་པའི་ཉེས་གཏེ་ཡིན་ཞིང་། དེས་ཐད་ཀར་ཁྱེད་ཀྱི་མིག་དབང་དང་གཉིད་ཀྱི་སྤུས་ཚད། སྐེ་ཚིགས་བཅས་ལ་ཤུགས་རྐྱེན་ཐེབས་སྲིད། གྲོགས་པོ་ལ་ལར་ད་དུང་གཉིད་ཉལ་ཁར་ཁ་པར་མལ་ཁྲིའི་འགྲམ་དུ་བཞག་ནས་དེར་ཞག་གང་པོར་གློག་གསོག་པ་དང་། གློག་གསོག་ཞོར་དུ་ཁ་པར་རྩེད་པའི་གོམས་གཤིས་ཆགས་ཡོད། དེ་ནི་ཧ་ཅང་ཉེན་ཁ་ཆེ་བ་ཞིག་རེད། ཐེན་ཅིན་གྱི་བུད་མེད་ཅིག་གིས་གཉིད་ཉལ་ཁར་ཁ་པར་མལ་ཁྲིའི་འགྲམ་དུ་བཞག་ནས་གློག་གསོག་པ་དང་། བསམ་ཡུལ་ལས་འདས་པ་ཞིག་ལ་ཐོ་རེངས་ཆུ་ཚོད་གཉིས་པའི་སྟེང་ཁ་པར་གློ་བུར་དུ་འབར་གས་བྱུང་། བུད་མེད་དེ་སྐྲག་སྣང་དང་བཅས་གཉིས་ལས་སད་ཅིང་། དེ་མུར་གློག་ཁུངས་ཀྱི་སྒོ་བརྒྱབ། ལེའོ་ཉིང་ཧྲེན་དབྱང་གི་བུད་མེད་ཅིག་གིས་གློག་གསོག་ཞོར་ཁ་པར་རྩེད་སྐབས་གློག་གིས་བརྒྱབ་ནས་ནང་ཁྲོལ་ལ་རྨས་སྐྱོན་ཕོག་པ་དང་། རྐང་ལག་གཅོད་དགོས་བྱུང་ཡོད། བུད་མེད་དེའི་ཕྱིར་དྲན་བྱས་པར་གཞིགས་ན། སྐབས་དེར་ཁོང་གིས་རྐང་པ་ཡ་གཅིག་དྲོད་རླངས་ཐབ་ཀའི་སྟེང་བཞག་ནས་ཁ་པར་རྩེ་བཞིན་ཡོད། གློ་བུར་དུ་ལུས་པོ་ཡོངས་རྩ་འཁུམ་པ་ལྟར་འགུལ་མ་ཐུབ། སྐབས་དེར་ཁོང་གི་མིག་ད་དུང་འཁོར་ཐུབ་ཅིང་། རྗེས་སུ་དྲན་པ་ཡོངས་སུ་ཉམས་ཡོད། དྲན་སྐུལ་ཞུ་རྒྱུ་ཞིག་ནི། ཁ་པར་ལ་གློག་བསགས་རྗེས་གློག་གསོག་ཆས་གློག་ཁུངས་ནས་འབལ་དགོས། གློག་གསོག་ཆས་དུས་ཡུན་རིང་པོར་མ་འབལ་ན་གློག་ཟད་ཚད་མང་དུ་འགྲོ་བར་མ་ཟད། ད་དུང་མུ་མཐུད་དུ་དྲོད་རྒྱས་ཏེ་གློག་གསོག་ཆས་རྙིང་པར་འགྱུར་ཚད་ཇེ་མགྱོགས་སུ་འགྱུར་བ་དང་། ཚབས་ཆེ་ན་འབར་གས་དང་མེ་སྐྱོན་སོགས་ཀྱི་ཆག་སྒོ་འབྱུང་དུ་འཇུག་སྲིད།
ཁ་པར་ལ་གློག་གསོག་སྐབས་ཀྱི་དྲན་སྐུལ། དུས་རྒྱུན་ཁ་པར་ལ་གློག་གསོག་སྐབས། ཇི་ལྟར་ཉེན་ཁ་འབྱུང་བར་སྔོན་འགོག་བྱ་དགོས་སམ་ཞེ་ན། གཤམ་གསལ་གྱི་གནད་འདི་དག་ལ་དོ་སྣང་བྱ་དགོས། འོས་འཚམ་གྱི་གློག་གསོག་ཁོར་ཡུག་ཅིག་གདམ་དགོས། དྲོད་ཚད་དམའ་དྲགས་པ་དང་ཚ་དྲགས་པའི་ཁོར་ཡུག་ཏུ་གློག་མ་གསོག་ན་བཟང་སྟེ། དྲོད་ཚད་མཐོན་པོ་ཡིན་ན་གློག་རྫས་ཀྱི་དྲོད་ཚད་ཀྱང་མཐོ་དྲགས་ནས་འབས་གས་འབྱུང་སླ། དྲོད་ཚད་དམའ་ན་གློག་རྫས་ཀྱི་སྲུང་སྐྱོབ་ཆ་ལག་གིས་གློག་གསོག་ཚད་ཇེ་དལ་དུ་གཏོང་སྲིད།
དུས་ཡུན་རིང་པོར་གློག་མི་གསོག་པ། རྒྱུན་ལྡན་གྱི་གནས་ཚུལ་འོག། ཚད་མཐུན་གྱི་གློག་གསོག་ཆས་ལ་གློག་གསོག་ཚད་མང་དྲགས་པ་སྔོན་འགོག་བྱེད་པའི་བདེ་འཇགས་སྲུང་སྐྱོབ་གློག་ལམ་ཡོད་པས། གློག་རྫས་སུ་གློག་གང་གསོག་རྗེས་སྲུང་སྐྱོབ་ཀྱི་བྱེད་ནུས་བཏོན་ནས་གློག་གསོག་མཚམས་འཇོག་པའམ་ཡང་ན་གློག་གསོག་གློག་རྒྱུན་ཆེས་དམའ་བའི་ཁྱབ་ཁོངས་སུ་དམའ་རུ་གཏོང་ཐུབ།
སྔས་འབོལ་གྱི་འགྲམ་དུ་གློག་མི་གསོག་པ། གློག་གསོག་ཞོར་ཁ་པར་རྩེ་བར་སྟབས་བདེ་བསྐྲུན་ཆེད། མི་མང་པོ་ཞིག་གློག་གསོག་ཆས་མལ་ཁྲིའི་འགྲམ་དང་སྔས་འབོལ་གྱི་འགྲམ་དུ་འཇོག་རྒྱུར་དགའ་མོད། འོན་ཀྱང་གློག་གསོག་ཆས་ཀྱི་གློག་ལམ་ཆད་ནས་མེ་འབར་བའི་གནས་ཚུལ་དང་འཕྲད་སྐབས། སྔས་འབོལ་དང་འབར་སླ་བའི་དངོས་རྫས་གཞན་དག་ཀྱང་འབར་ནས་མེ་སྐྱོན་ཆེན་པོ་བཟོ་སྲིད།
གློག་གསོག་སྐབས་ཁ་པར་མི་རྩེ་བ། གློག་གསོག་སྐབས། གློག་གསོག་ཞོར་དུ་ཁ་པར་གཏོང་བའམ་རོལ་རྩེད་རྩེ་ན་དྲོད་ཚད་མགྱོགས་མྱུར་འཕར་ངེས་པས་མི་མངོན་པའི་ཉེན་ཁ་མང་པོ་གནས་ཡོད།
ཚད་ལྡན་ཚོང་རྟགས་ཀྱི་གློག་གསོག་ཆས་སྤྱོད་པ། ཉེ་བའི་ལོ་ཤས་རིང་། ཚོང་བདག་ཁ་ཤས་ཀྱིས་ཁོར་སྲུང་ལ་ཁ་གཡར་ནས་གློག་གསོག་ཆས་སྦྱིན་གྱི་མེད་པས་ཉོ་མཁན་རང་ཉིད་ཀྱིས་ཉོ་དགོས་ཐུག་ཡོད། གཞུང་ཕྱོགས་དྲྭ་རྒྱའི་སྟེང་གི་གློག་གསོག་ཆས་ཀྱི་རིན་གོང་མཐོ་བ་དང་། གློག་གསོག་ཆས་ནི་ཟད་གྲོན་འབྱུང་སླ་བའི་དངོས་པོ་ཡིན་པས། མི་མང་པོས་རིན་གོང་དམའ་བའི་གློག་གསོག་ཆས་འདེམ་བཞིན་ཡོད། འོན་ཏེ་ངེས་པར་དུ་ཚད་ལྡན་གྱི་ཚོང་རྟགས་གདམ་དགོས་ཤིང་། རིན་གོང་ཁེ་པོ་ལ་ཧམ་ནས་རྟགས་མེད་ཐོན་རྫས་ཉོ་མི་རུང་། གལ་ཏེ་བེད་སྤྱོད་བཞིན་པ་ནི་སྤུས་ཚད་དམའ་བའི་གློག་གསོག་ཆས་ཡིན་པའམ་རྙིང་པར་གྱུར་ཡོད་པའི་ཁ་པར་ཡིན་ན་གློག་འཆོར་བའི་ཉེན་ཁའང་ཡོད། དེས་ན་གཉིད་ཉལ་ཁར་ཁ་པར་གང་དུ་འཇོག་དགོས་སམ་ཞེ་ན། རང་ཉིད་དང་བར་ཐག་སྨི1.5ལས་རིང་སར་བཞག་ན་བཟང་། དེ་ལྟར་བྱས་ན་ལག་པ་བསྲིངས་ནས་ཁ་པར་ལེན་པར་སྟབས་མི་བདེ་བས། ཁ་པར་ལ་གཡེང་ནས་མཚན་འཁྱོངས་པ་ལས་གཡོལ་ཐུབ་ལ། རང་འབར་གྱི་ཉེན་ཁའང་སྔོན་འགོག་བྱ་ཐུབ།
ཡོང་ཁུངས། ཀྲུང་དབྱང་བོད་སྐད་རླུང་འཕྲིན། རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10