ཁྲི་ཟླ་གཞོན། 2025-03-05
བདེ་ལེགས་སྦྲུལ་ལོའི་ལོ་སར་ཞར་ལ་ཚེས།།
རབས་གསུམ་ནང་མི་ལྷན་དུ་གདན་ལ་འཛོམས།།
ལོ་སར་ལེགས་སྐྱེས་ཕ་མའི་ཕྱག་ཏུ་འབུལ།།
མཆོག་གསུམ་བསླུ་མེད་ཞབས་ལ་མཆོད་པ་འབུལ།།
དགྲ་ལྷ་ཟས་ལྷར་ཆང་གི་མཆོད་ཁ་འཕེན།།
ལོ་ལྷ་ཚེ་ལྷར་ལོ་བརྒྱའི་ལོ་སྐལ་འབུལ།།
ཚེ་ནོར་གག་གི་བར་ཆད་དབྱིངས་སུ་གྲོལ།།
བུ་དང་ཚ་བོ་ཡང་ཚ་སྣག་གི་ཚ།།
རྒན་པ་སྟག་འདྲ་གྲལ་འགོའི་གདན་ལ་བཞུགས།།
གཞོན་གྲས་གཟིག་འདྲ་བར་གྱི་སྟན་ལ་བཞུགས།།
སྨན་ཤར་རྨ་བྱས་ཟས་དང་མཆོད་ཆང་འདྲེན།།
ཤ་ཐུད་མར་དང་འོ་ཞོ་ལོ་ཆང་སོགས།།
འཛད་མེད་ཟས་ཀྱི་རི་དང་གླུ་ཡི་མཚོ།།
གོས་དར་ཕྲུག་དང་ཁ་བཏགས་ནོམ་པའི་ཚོགས།།
ཚེ་གཡང་དངོས་གྲུབ་ཐོབ་པའི་ཕ་མར་འབུལ།།
འཛད་མེད་ཚེ་ཡི་ཕྱྭ་གཡང་དགུང་དུ་འཕེལ།།
ཡང་ཚ་སྣག་ཚའི་འདབ་ལག་རྒྱན་དུ་གྲོལ།།
རྒྱུ་འབྱོར་ནོར་གྱི་ལོངས་སྤྱོད་ཀླུ་ལ་འགྲན།།
ཚེ་ནོམ་གཡང་གི་འཕེལ་ཁ་མཁའ་ལ་ཚེས།།
གངས་དང་ཁ་བས་ལོ་སར་ལམ་དཀར་གྲུབ།།
ཉི་ཟླ་སྐར་མས་རེས་ཀྱིས་འཚམས་འདྲི་ཞུ།།
གཡང་ར་སྒོ་བཞིར་དྲོད་དང་དགོད་སྒྲས་ཁེངས།།
བཀྲ་ཤིས་སྦྲུལ་ལོས་མུ་མཐུད་ཤིས་པ་སྩོལ།།
རི་ཁའི་དར་ལ་སྣ་ལྔའི་དར་ལྕོག་འདོགས།།
བསང་ཁྲི་སྔོན་མོ་ལྷ་བསང་དུང་སྒྲས་བཀུར།།
རིགས་ཀྱི་ཞེན་པ་མི་ཡལ་བཀྲ་ཤིས་ཤོག།
མེས་པོའི་སྲོལ་བཟང་མི་ཉམས་འཕེལ་བར་སྨོན།།
ཀུན་རའི་ཆོས་ལ་བྱི་དོར་ཤུག་པ་བདུག།
ལྷ་དང་རྟེན་ལ་མོས་གུས་མཆོད་པ་འབུལ།།
རྟེན་འབྲེལ་འགོ་ནས་འགྲིག་པའི་བཀྲ་ཤིས་ཤོག།
གདོན་བགེགས་མཐའ་ནས་ཞི་བའི་ཤིས་པ་སྩོལ།།
ཤུག་གསོམ་ཅོག་ཙེ་ཤིང་གི་སྡེར་མ་ལ།།
སྣ་འདུས་སྤུས་ལེགས་ཟས་ཆང་ཕྱུར་བུར་གཏམས།།
ཟས་ལྷ་ཐབ་ལྷར་མི་འབྲལ་བཀྲ་ཤིས་ཤོག།
མགྲོན་དང་ཉེ་དུ་སྐྱིད་པའི་དངོས་གྲུབ་སྩོལ།།
རུ་འདབས་ནོར་ལུག་རྟ་དང་ཁྱི་སོགས་ལ།།
སྦྲུལ་ལོའི་ལོ་སྐལ་གཟན་ཆས་ཚིམས་པར་སྟེར།།
བཀྲ་ཤིས་གཡང་གི་དངོས་གྲུབ་ཐོབ་པར་ཤོག།
འཚེ་མེད་ཞི་བདེའི་འོད་ཀྱིས་ཁྱབ་པར་སྨོན།།
ཁྱིམ་ཕུག་དཔེ་དེབ་དབྱེ་འབྱེད་འགྲིག་པོར་བསྒྲིགས།།
ཡིད་ཀྱི་གཏིང་ནས་དྲིན་ཞུ་མི་འབྲལ་སྨོན།།
རིག་པའི་བུ་ལ་སྲིད་པའི་འོད་སྣང་སྩོལ།།
བླང་དོར་དབྱེ་བ་མི་ནོར་བཀྲ་ཤིས་ཤོག།
ལོ་སར་ཇའི་ཕུད་ཕ་མ་རྒན་པར་འབུལ།།
ཚེ་གང་བུ་ཕྲུག་བསམ་པའི་དྲིན་དུ་བསྔོ།།
བུ་ཚའི་རིག་པ་འཕེལ་བའི་བཀྲ་རེ་ཤིས།།
ཕ་ཤུལ་བུ་ཡིས་ཟིན་པའི་རྟེན་འབྲེལ་འགྲིག།
རྫ་རྩེའི་ལབ་ཙེ་མདའ་མདུང་ཤུག་པས་བསྟོད།།
ཡུལ་ལྷ་གཞི་བདག་འཁོར་ལ་བསང་གིས་མཆོད།།
དགྲ་ལྷ་ལུས་དང་མི་འབྲལ་བཀྲ་རེ་ཤིས།།
བློ་སྤོབས་དཔའ་གདེང་མི་ཉམས་ཤིས་པ་སྩོལ།།
སྣང་བའི་ལྡུམ་ར་བརྩེ་བའི་དྲོད་ཀྱིས་སྐྱོང་།།
བརྩེ་བའི་མི་ལ་གསེར་གྱི་འདང་ཞིག་འཇོག།
ནང་མི་རྒན་གཞོན་འཆམ་པའི་རྟེན་འབྲེལ་འགྲིག།
མི་འདོད་རྐྱེན་ངན་མེད་པའི་ལོ་སར་བསུ།།
སྐུ་ལ་འཚེ་མེད་གཡང་གི་བཀྲ་ཤིས་ཤོག།
གསུང་ལ་འགག་མེད་དབྱངས་ཀྱི་དངོས་གྲུབ་ཤོག།
ཐུགས་ལ་ཚེགས་མེད་སྐྱིད་པའི་རྟེན་འབྲེལ་ཤོག།
གསུམ་འཛོམས་བཀྲ་ཤིས་ནང་མིའི་རྒྱན་དུ་ཤོག།
རྩོམ་གསར། 10