2025-05-16
དྲི་མེད་ཁ་བཏགས་དཀར་པོ་དྲིན་ཆེན་སྨན་པར་ཕུལ།
དཀར་མཛེས་རྫོང་རྒྱ་བོད་ལུགས་སྨན་ཁང་གི་རུས་མཁན་སྨན་པ་ཀྲང་ཅན་ཅུན་གྱི་གནས་ཚུལ་རགས་བཀོད།
ཀྲང་ཅན་ཅུན་གྱིས་དགེ་ཕྲུག་ཚོ་ལ་ནད་ཐོག་དམར་ཁྲིད་བྱེད་བཞིན་པ།
ཀྲང་ཅན་ཅིན་གྱིས་ནད་པའི་ནད་དྲག་ཚུལ་འདྲི་བཞིན་པ།
དཀར་མཛེས་ཁུལ་གྱི་ས་གཞི་ཆེན་མོར་སྨན་བཅོས་ཐོན་ཁུངས་བཀོད་བབ་ཆ་སྙོམས་མེད་པ་དེ་ནི་ས་གནས་དེ་གའི་མི་སེར་ཚོའི་དཀའ་གནད་ཆེན་པོ་ཞིག་རེད། ཡིན་ནའང་དཀར་མཛེས་རྫོང་རྒྱ་བོད་ལུགས་སྨན་ཁང་རུས་ནད་ཚན་ཁག་ཏུ་རི་ཀླུང་དང་རིགས་རུས་ཀྱི་བར་བཅད་ལས་རིང་དུ་བརྒལ་བའི་སྨན་བཅོས་རོགས་སྐྱོར་གྱི་སེམས་འགུལ་ཐེབས་པའི་ལེའུ་འབྲི་བཞིན་ཡོད་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཚོན་མདངས་རྣམ་པར་བཀྲ་བ་ཞིག་ཀྱང་བསྣན་ཡོད་པ་རེད། ཉེ་ཆར་སྨན་ཁང་དེའི་རུས་ནད་ཚན་ཁག་གིས་རྫོང་ཡོངས་ཀྱི་རྐང་པའི་མཐེ་བོང་ཕྱི་ལ་ལོག་པའི་ནད་ཀྱི་རུས་དབྱིབས་གཤག་བཅོས་ཐོག་མ་དེ་ལེགས་གྲུབ་བྱུང་བ་ལས་ས་གནས་དེ་གའི་རྐང་ལོང་ཡ་མ་གཟུགས་སྨན་བཅོས་ཁྱབ་ཁོངས་ཀྱི་ལག་རྩལ་སྟོང་ཆ་བསྐངས་པར་མ་ཟད། ལག་རྩལ་དང་བརྩེ་སེམས་འདྲེས་མའི་མི་ཆོས་ཀྱི་དུས་ཐོག་ཆར་པ་ནད་པའི་སེམས་ཀྱི་ཞིང་སར་ཕབ་ནས། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྨན་བཅོས་བསྟོད་གླུ་ལེན་བཞིན་མཆིས་སོ།།
ཁ་བཏགས་ཤིག་མི་ཚེ་གང་བོའི་བརྟན་སྲུང་བྱ་ཡུལ་ཉག་གཅིག་ཏུ་གྱུར།
ལོ17ལ་སོན་པའི་ན་ཆུང་ནི་མ་གཞི་སེམས་ཁྲལ་མེད་པར་ཕུགས་འདུན་དོན་དུ་གཉེར་མཁན་ཞིག་ཡིན་མོད། འོན་ཀྱང་མཐེ་བོང་ཕྱི་ལ་ལོག་པ་དང་རྐང་པ་ཡ་མ་གཟུགས་ཚབས་ཆེ་བས། འགྲོ་དཀའ་བ་དང་ལྷམ་གྱོན་པར་ཚོད་འཛིན་ཐེབས་པས་བུ་ཁྲིད་ཀྱི་འཚོ་བ་དང་སློབ་སྦྱོང་སོགས་གང་ཐད་ལ་སྟབས་མི་བདེ་བར་གྱུར། སྨན་བཅོས་ཀྱི་གོ་སྐབས་ཡག་ཤོར་པས་ཕྱོགས་གང་སར་བརྟག་བཅོས་སུ་སོང་ཡང་ཕན་ཆེར་ཐོགས་མེད། དེ་ནས་མོ་རང་རེ་ཐག་ཆད་དེ་སློབ་གྲྭ་ནས་ཕྱིར་འཐེན་བྱེད་རྩིས་ཡོད་པའི་སྐབས་སུ། དཀར་མཛེས་རྫོང་རྒྱ་བོད་ལུགས་སྨན་ཁང་ནས་རེ་བའི་འོད་ཟེར་མཐོང་བྱུང་། སྨན་ཁང་དེའི་རུས་ནད་ཚན་ཁག་གིས་ཞིབ་ཚགས་ཀྱི་དཔྱད་དཔོག་དང་བརྟག་དཔྱད་ཐེངས་མང་བརྒྱུད། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བ། རྨ་ཁ་ཆུང་བ་བཅས་ཀྱི་སྨན་བཅོས་ཇུས་གཞི་ཆ་ཚང་ཞིག་ཞིབ་ཚགས་ངང་བཟོས་པས་མཐར་གཤག་བཅོས་ལེགས་གྲུབ་བྱུང་བ་རེད། བུ་ཁྲིད་ཀྱིས་ལོ་བཅུ་གཉིས་བཅུ་གསུམ་གྱི་དུས་སུ་ངའི་རྐང་པ་རིམ་བཞིན་འཁྱོག་འགོ་བརྩམས་ནས་ན་ཟུག་གིས་མནར་བ་དང་འབྲེལ་འགྲོ་དུས་སྟབས་བདེ་མོ་གཏན་ནས་མི་འདུག། སྨན་ཁང་མང་པོ་ཞིག་ཏུ་སོང་ན་ཡང་སྨན་བཅོས་བྱེད་མི་ཐུབ་ཟེར། འོན་ཀྱང་ད་ཐེངས་དགེ་རྒན་ཀྲང་ལགས་ཀྱིས་ངའི་རྐང་པར་གཤག་བཅོས་བྱས་ནས་ལེགས་འགྲུབ་བྱུང་བས། ང་རང་ལ་དགའ་བ་ཚད་མེད་སྐྱེས་པ་དང་ཆབས་ཅིག་སྨན་པ་སྦྱོང་པའི་དོན་སྙིང་ཡང་དངོས་གནས་ཚོར་བྱུང་། ངས་སྨན་པ་ཀྲང་ལགས་ལ་སློབ་སྦྱོང་བྱས་ནས་རྗེས་མ་ནད་པ་ཚང་མར་ཞབས་འདེགས་ཞུ་རྒྱུའི་རེ་བ་ཡོད་ཅེས་བཤད། ཁོས་ཆེད་དུ་སྨན་པ་ཀྲང་ལགས་ལ་ཁ་བཏགས་ཤིག་ཕུལ་ནས་རང་ཉིད་ཀྱི་བཀའ་དྲིན་ཟབ་མོ་མཚོན་པ་རེད། བཀའ་དྲིན་དེ་ནི་སྨན་པའི་ཕུལ་དུ་བྱུང་བའི་སྨན་བཅོས་ལག་རྩལ་ལ་ཁས་ལེན་བྱས་པ་ཞིག་ཡིན་པར་མ་ཟད། མི་རིགས་མཐུན་སྒྲིལ་དང་སྨན་པ་དང་ནད་པའི་བརྩེ་དུང་ཟབ་མོ་ལ་གསོན་ཉམས་དོད་པའི་འགྲེལ་བཤད་ཅིག་ཀྱང་ཡིན། ནད་པས་ནམ་རྒྱུན་བྱམས་བརྩེའི་ངང་མིང་ལ་དགེ་རྒན་ཀྲང་འབོད་བཞིན་པ་ཁོང་ནི་ལྷོ་ནུབ་གསོ་རིག་སློབ་ཆེན་གྱི་འཛུགས་སྐྲུན་རོགས་སྐྱོར་ཆེད་རམས་པ་ཀྲང་ཅན་ཅུན་རེད། ཁ་བཏགས་ནི་གཟུགས་མེད་ཀྱི་འབྲེལ་ཐག་ཞིག་དང་འདྲ་བར་ལོ་བཅུ་ལྷག་ལ་རིམ་པ་གསུམ་པའི་ཀ་རིམ་སྨན་ཁང་གི་ཉམས་མྱོང་ལྡན་པའི་རུས་ནད་ཚན་ཁག་གི་ཆེད་རམས་པ་དེ་དང་དཀར་མཛེས་ས་ཆ་བར་དམ་དུ་སྦྲེལ། ཀྲང་ཅན་ཅུན་གྱིས་ལག་རྩལ་གསར་པ20ལྷག་ཁྱེར་ནས་ལེ་དབར་སྟོང་བརྒལ་ནས་དཀར་མཛེས་རྫོང་ལ་ཡོང་ནས། བོད་རིགས་ནད་པ་དང་རྒྱ་རིགས་སྨན་པ་གཉིས་ཀྱི་གཏམ་རྒྱུད་སྙན་མོ་བྲིས། སྨན་བཅོས་ཀྱི་རིང་ལ་ལོ70ལས་བརྒལ་བའི་ཨ་མ་རྒན་མོ་ཞིག་གིས་ཀྲང་ཅན་ཅུན་ལ་མྱོང་ཚོར་ཟབ་མོ་ཐེབས། སྨན་བཅོས་ཚར་ནས་ཕྱིར་ལོག་རྗེས་ཨ་མ་རྒན་མོས་ཁ་བཏགས་ཤིག་ཁུར་ནས་ཀྲང་ཅན་ཅུན་ལ་ཕུལ་ནས་ཐུགས་རྗེ་ཆེ་ཞུ་རུ་སོང་མོད། འོན་ཀྱང་ཀྲང་ཅན་ཅུན་ཕྱི་ལ་ལས་ཀར་སོང་བས་མོའི་རེ་འདུན་མ་གྲུབ། དེ་ནས་ཨ་མ་རྒན་མོས་ཁ་བཏགས་དེ་སྨན་ཁང་གི་ཤིང་སྡོང་ཆེན་པོ་ཞིག་གི་ཡལ་གར་དཔྱངས་ཏེ། ངའི་གཙོ་བཅོས་སྨན་པ་ཀྲང་ལགས་མེད་པས་ངས་ཁ་བཏགས་སྨན་ཁང་གི་སྨན་པ་ཡོངས་ལ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད། གཞུང་དྲང་ཟོལ་མེད་ཀྱི་གུས་བཀུར་དེས་ཀྲང་ཅན་ཅུན་ལ་སེམས་འགུལ་ཟབ་མོ་ཐེབས་པ་དང་། ཁོང་དཀར་མཛེས་རྫོང་ལ་ཡུན་རིང་སྡོད་སྙིང་བྲོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར། རོགས་སྐྱོར་མཇུག་བསྒྲིལ་རྗེས། སྲིད་གཞུང་གི་རྒྱབ་སྐྱོར་དང་ཕྱོགས་མང་པོའི་མཐུན་སྦྱོར་འོག་ཀྲང་ཅན་ཅུན་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་སྟངས་བརྒྱུད་དེ་དཀར་མཛེས་རྫོང་གི་སྨན་པ་ཞིག་ཏུ་གྱུར། ཁོང་གིས་དེ་གའི་ནད་པར་ཁོ་རང་མཁོ་བ་དང་དེ་གའི་གསོ་རིག་བརྒྱུན་འཛིན་ལ་དེ་བས་མཐུད་ཤུགས་དགོས་པ་ཤེས་ཀྱི་ཡོད་ལ། ངས་འབད་བརྩོན་བྱས་ཏེ་དཀར་མཛེས་རྫོང་དུ་ས་གནས་དེ་གའི་རུས་ནད་ཚན་ཁག་གི་ཚོགས་པ་ཞིག་བསྐྱངས་ནས་མི་དམངས་ལ་ཞབས་འདེགས་ཞུ་ངེས་ཡིན་ཞེས་བཤད་པ་ལྟར་སྒྲུབ་བཞིན་ཡོད།
དགེ་སློབ་བར་གྱི་བརྩེ་དུང་ཟབ་མོ་མུ་ནས་མུ་རུ་སྐྱོང་།
ཐོག་མར་ཡོང་སྐབས་བོད་སྐད་མི་ཤེས་པས་སློབ་མ་རྣམས་ཀྱིས་ཁོང་ལ་ལོ་ཙཱ་མི་བྱེད་ཐབས་མེད་བྱུང་། ཡིན་ན་ཡང་དཀའ་ངལ་ལ་གདོང་གཏད་ཕོད་པའི་ཀྲང་ཅན་ཅུན་གྱིས་ཉིན་མ་རེ་ལ་ཚིག་རེ་བཟུང་སྟེ་འབད་བརྩོན་བྱས་མཐར་ད་ཆ་རྒྱུན་སྤྱོད་བོད་སྐད་ཆ་ཚང་བཤད་ཤེས་ཀྱིན་ཡོད། སྨན་བཅོས་ཡོ་བྱད་དཀོན་པ་དང་ཤེས་ལྡན་མི་སྣ་མི་འདང་བའི་གནས་ཚུལ་ལ་འཕྲད་དུས་ཁོང་གིས་ལོ་མང་རིང་བསགས་པའི་གཤག་བཅོས་ཀྱི་ནད་ཐོག་ཉམས་མྱོང་ལོ་གཞོན་སྨན་པར་དཔེ་མཁྱུད་མེད་པར་བརྒྱུད་ཁྲིད་བྱས། མཚན་མོ་རྒྱ་བོད་ལུགས་ཀྱི་གནའ་བོའི་དཔེ་དེབ་ལེགས་པར་བསྒྲིགས་ནས་སྲོལ་རྒྱུན་བོད་ལུགས་ཀྱི་ལུམས་དང་དེང་རབས་བདེ་ཐང་ལག་རྩལ་ཟུང་འབྲེལ་དམ་ཟབ་བྱས་ཏེ། ནད་པར་དེ་བས་ཁྱོན་ཡོངས་དང་ནུས་ལྡན་གྱི་སྨན་བཅོས་ཇུས་གཞི་མཁོ་འདོན་བྱེད་ཀྱིན་ཡོད། ཁོང་གི་འབད་བརྩོན་དང་ལྷག་བསམ་ལ་ས་གནས་དེ་གའི་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་པ་དང་། ཚང་མས་བྱམས་བརྩེའི་ངང་ཁོང་ལ་རུས་མཁན་ཞེས་འབོད་བཞིན་ཡོད། ཁོང་གི་ཁྲིད་སྟོན་ཞིབ་ཚགས་འོག་སྨན་པ་ཁག་གཅིག་གིས་རང་ཚུགས་ངང་རུས་ནད་ཚན་ཁག་གི་རིམ་པ་དང་པོ་དང་གཉིས་པའི་གཤག་བཅོས་རང་རྐྱ་ཐུབ་ཡོད། སྨན་པ་སུང་ཀྲི་ཆོན་ནི་ཀྲང་ཅན་ཅུན་གྱི་དགེ་ཕྲུག་གི་ཡ་གྱལ་ཡིན། ཁོས་བཀའ་དྲིན་དང་གུས་བཀུར་ལྡན་པའི་སྒོ་ནས་ངའི་དགེ་རྒན་ནི་ནད་ཐོག་ཉམས་མྱོང་ཕུན་སུམ་ཚོགས་པ་དང་ལག་རྩལ་མཁས་པ། སྨན་པའི་ཀུན་སྤྱོད་བླ་ན་མེད་པའི་ཤེས་ལྡན་མི་སྣ་ཕུལ་བྱུང་ཞིག་ཡིན། ཁོང་གིས་ང་ལ་དམར་ཁྲིད་བྱེད་སྐབས་རིགས་གཞུང་དང་ལག་ལེན་ཟུང་དུ་སྦྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། རྙོག་འཛིང་ཆེ་བའི་གསོ་རིག་ཤེས་བྱ་གོ་སླ་བའི་དཔེར་མཚོན་ལ་བསྒྱུར་མཁས་པ་དང་། ངང་རྒྱུད་རིང་པོས་དོགས་གནད་ལ་ལན་བཏབ་པ། ནད་པའི་རེ་འདུན་ལ་ཉན་པ་དང་ནད་པ་གཉེན་ཉེ་ལྟར་བརྩི་དགོས་པའི་སློབ་སྟོན་གནང་བ། དུས་ཐོག་ཏུ་ངའི་ནོར་འཁྲུལ་ཡོ་བསྲང་བྱས་ཏེ་ངས་ནད་ཐོག་རྩལ་ནུས་མགྱོགས་པོར་ཁོང་དུ་ཆུད་པར་རོགས་རམ་ཆེན་པོ་གནང་། འཚོ་བའི་ཁྲོད་ཁོང་གིས་ང་ལ་སེམས་ཁུར་དང་གྲོས་འགོ་བཟང་པོ་ཕུལ་ནས་ང་ལ་དྲོ་ཁོལ་གྱི་ཚོར་སྣང་བྱིན། ཁོང་ནི་ངའི་དགེ་རྒན་བཟང་པོ་ཡིན་ལ་གྲོགས་པོ་མི་བསླུ་བ་ཞིག་ཀྱང་ཡིན་ཞེས་བཤད། ཀྲང་ཅན་ཅུན་གྱི་རང་དཔེ་གཞན་སྟོན་གྱི་སློབ་ཁྲིད་འོག་སུང་ཀྲི་ཆོན་སོགས་ན་གཞོན་སྨན་པ་ཚོ་མགྱོགས་མྱུར་ངང་འཚར་ལོངས་བྱུང་། ཁོ་ཚོའི་ཆེད་ལས་ལག་རྩལ་མངོན་གསལ་དོད་པོས་བཟང་དུ་ཕྱིན་པར་མ་ཟད།ཀྲང་ཅན་ཅུན་གྱི་སྨན་སྤྱོད་བཟང་པོ་དང་མི་ཆོས་སེམས་ཁུར་སྙིང་སྟོབས་ཀྱང་རྒྱུན་འཛིན་ཐུབ་ཡོད། དགེ་སློབ་ཀྱི་བརྒྱུད་འཛིན་ནི་གསོ་རིག་ཤེས་བྱ་དང་རྩལ་ནུས་བརྒྱུད་སྤྲོད་ཁོ་ན་ཙམ་མིན་པར་དེ་བས་སྨན་པ་རྣམས་ཀྱི་བྱམས་སེམས་དང་མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་རྒྱུན་སྐྱོང་བ་ཞིག་ཀྱང་ཡིན་ནོ།།
རང་བརྟེན་ནུས་པ་ཆེ་རུ་བཏང་ནས་དམངས་ལ་ཕན་པ་བསྐྲུན།
ཀྲང་ཅན་ཅུན་གྱིས་ཚབ་བྱས་པའི་འཛུགས་སྐྲུན་རོགས་སྐྱོར་སྨན་པ་སྲིད་ཇུས་རྒྱབ་སྐྱོར་དང་ཤེས་ལྡན་མི་སྣ་ནང་འདྲེན། ཐོན་ཁུངས་ཉེར་ཕྱོགས་སོགས་ཀྱི་བྱ་ཐབས་བརྒྱུད་དཀར་མཛེས་རྫོང་རྒྱ་བོད་ལུགས་སྨན་ཁང་དུ་ཡོང་ནས་སྨན་ཁང་དེ་གཞན་བརྟེན་ནས་རང་བརྟེན་དུ་བསྒྱུར་བ་དང་། རོགས་སྐྱོར་ནས་རང་ཚུགས་སུ་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། ད་ལྟར། ཀྲང་ཅན་ཅུན་གྱི་སྣེ་ཁྲིད་འོག་སྨན་ཁང་དེར་རྒྱ་བོད་ནུབ་ལུགས་གསོ་རིག་མཉམ་འདྲེས་དང་ཆེད་ཚན་ཅན་གྱི་མཉམ་འདྲེས་རྣམ་པ་གསར་པ་ཆགས་ཡོད་པ་དང་།རུས་ནད་ཚན་ཁག་དེ་ཞིང་ཆེན་རིམ་པའི་གཙོ་གནད་ཆེད་ཚན་གྱི་གྲས་སུ་ཚུད་ཡོད། དེ་སྔོན་སྨན་ཁང་གི་རུས་ནད་ཚན་ཁག་ནི་ལོ་ལྟར་རོགས་སྐྱོར་སྨན་པ་བརྗེ་རེས་ལ་བརྟེན་དགོས་ཤིང་སྨན་བཅོས་ཆུ་ཚད་དང་ཤེས་ལྡན་མི་སྣ་བརྟན་པོ་མེད། ད་ཆར་ས་གནས་དེ་གའི་རུས་ནད་ཚན་ཁག་འཐུས་ཚང་དང་བརྟན་བརླིང་ཤིག་གྲུབ་ཡོད་པ་དང་། སྨན་བཅོས་ལག་རྩལ་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད། འགྱུར་ལྡོག་དེར་ཀྲང་ཅན་ཅུན་གྱི་བྱས་རྗེས་བསུབ་ཐབས་མེད། ཁོང་གིས་སྣེ་ཁྲིད་དེ་ཁུལ་ཡོངས་ཀྱི་རྫོང་རིམ་པའི་སྨན་ཁང་དུ་སྔོན་ལ་དཔྱི་རུས་དང་པུས་རུས་བརྗེ་བའི་གཤག་བཅོས་བྱས་ཡོད། ལོ་རེར་ཆ་སྙོམས་ནད་པ་ཁྲི2ལ་སྨན་བཅོས་བྱས་ཤིང་ལོ་རེར་གཤག་བཅོས་ཐེངས800ལྷག་ལ་ཟིན། ཞབས་ཞུའི་ས་ཁོངས་མཐའ་འཁོར་རྫོང་ཁག་ལ་ཁྱབ་པ་དང་། མཚོ་སྔོན་དང་བོད་ལྗོངས་ནས་ཡོང་བའི་ནད་པ་ཡང་ལོ་རེར་མང་དུ་ཕྱིན་པས། སྨན་ཁང་གི་སྤྱི་ཚོགས་བློ་ཡིད་ཚིམ་ཚད་ཆེ་རུ་སོང་ཡོད། སྨན་ཁང་གི་སྨན་བཅོས་ནུས་པ་དང་ཞབས་ཞུའི་ཆུ་ཚད་སྔར་བས་ཆེ་རུ་གཏོང་ཆེད། སྨན་ཁང་དེས་ན་ལོའི་ལོ་འགོར་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ2500ལ་ཟིན་པ་དང་ནད་ཁྲི100འཆར་འགོད་ཡོད་པའི་རུས་ནད་ཚན་ཁག་གི་ཐོག་ཁང་གསར་དུ་བསྐྲུན་འགོ་བཙུགས་ཏེ་སྔོན་དཔག་བྱས་ན་ད་ལོའི་ཟླ་བ8པར་དངོས་སུ་བེད་སྤྱོད་གཏང་ཐུབ་རྒྱུ་རེད། སྐབས་དེར་སྨན་བཅོས་ཆ་རྐྱེན་ཇེ་ཡག་ཏུ་སོང་བ་དང་ནད་པ་དེ་བས་མང་པོར་ཕན་ཐོགས་ལ་སྨན་ཁང་གི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་ཡང་བསྣན་རྒྱུ་རེད། ད་ལྟར་དཀར་མཛེས་རྫོང་རྒྱ་བོད་ལུགས་སྨན་ཁང་ནི་ནད་བཅོས་སྲོག་སྐྱོབ་ཀྱི་ཆེད་ལས་གནས་ཡུལ་ཞིག་ཡིན་པར་མ་ཟད། མི་རིགས་མཉམ་འདྲེས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེར་མཚོན་དུ་ཡང་གྱུར་ཡོད་དོ།།
བདེ་སྐྱིད་ཀྱིས་བྲིས།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10