རྒྱ་བོད་ལོ་ཙཱའི་ལག་ལེན་ཁྲོད་གཟབ་ནན་བྱ་དགོས་པའི་གནད་འགག་འགའ།

སྐལ་བཟང་རྒྱ་མཚོ།        2024-09-30

ལོ་ཙཱའི་སྐབས་སུ་ལོ་ཙཱའི་ཚད་གཞི་དང་འཚམ་པོ་ཡོང་ཆེད། གཞུང་ལུགས་དང་ལག་ལེན། བརྗོད་བྱ་དང་རྗོད་བྱེད། མ་ཡིག་གོ་བ་ལེན་པ་དང་བརྗོད་བྱ་ཕྱིར་མཚོན་པ།  ཐད་བསྒྱུར་དང་དོན་སྒྱུར། སྤྱི་དང་བྱེ་བྲག  སྒྲ་བསྒྱུར་དང་དོན་བསྒྱུར་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བས་གཤམ་ནས་དེ་དག་རེ་རེ་བཞིན་གླེང་བ་ལ།

       ༡  གཞུང་ལུགས་དང་ལག་ལེན་བར་གྱི་འབྲེལ་བ།

མར་ལེ་རིང་ལུགས་ཀྱི་གྲུབ་མཐའ་སྲོག་ཏུ་འཛིན་པའི་མའོ་ཙེ་ཏུང་གིསལག་ལེན་རྣམ་བཤདདུམི་ཆེ་གེ་མོ་ཞིག་གིས་བྱ་དངོས་གང་ཞིག་རྟོགས་པ་དང་རྒྱུས་ལོན་བྱེད་པར་བྱ་དངོས་དེ་ཉིད་ལ་འབྲེལ་འདྲིས་དང་ལག་ལེན་བྱེད་པ་ལས་ཐབས་གཞན་མེདཅེས་དང་། ཡང་ཁོང་གིསཁྱོད་ཀྱིས་སིལ་ཏོག་ལི་ཡི་བྲོ་བ་ཤེས་འདོད་ན། དེ་ཉིད་དངོས་སུ་བཟའ་དགོསཞེས་ཆོས་ཉིད་རང་བཞིན་དང་གོ་སླ་བའི་དཔེ་བཀོད་པ་ལས་ལོ་ཙཱ་སློབ་པར་ཐོག་མར་ལོ་ཙཱའི་ལག་ལེན་ལ་གཞུག་དགོས་པ་དང་། ལོ་ཙཱའི་ལག་ལེན་མ་བརྒྱུད་པར་གཞུང་ལུགས་ཁོ་ན་ཇི་ལྟར་བསླབས་ཀྱང་ལོ་ཙཱའི་བྱ་བ་འགྲུབ་མི་སྲིད་པ་བསྟན་ཡོད། ཡིན་ཡང་ལག་ལེན་ཁོ་ན་ལས་གཞུང་ལུགས་ཀྱི་མཛུབ་ཁྲིད་མི་དགོས་ཞེས་མ་ཡིན་པར་ལག་ལེན་གྱི་ཁྲོད་ནས་ལོ་ཙཱའི་གཞུང་ལུགས་ཀྱི་མཛུབ་སྟོན་ལའང་མཐོང་ཆེན་བྱ་དགོས། གཞུང་ལུགས་གང་ཞིག་ཡིན་རུང་ལག་ལེན་ལས་བྱུང་བས། ལོ་ཙའི་གཞུང་ལུགས་ཀྱང་དེ་ལས་མ་འདས་པར་གནའ་དེང་ཀྲུང་ཕྱིའི་ལོ་ཙཱ་བའི་ལག་ལེན་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་ཞིག་ཡིན་པ་དང་། ཕྱོགས་སྡོམ་དེ་ནི་ལག་ལེན་ལས་བྱུང་ནའང་ལག་ལེན་ལས་བླ་ན་མཐོ་བ་ཞིག་ཡིན། དེ་བས་དེར་ཆོས་ཉིད་རང་བཞིན་དང་ཡོངས་ཁྱབ་རང་བཞིན་གྱིས་ཀུན་ནས་ཕྱུག་པས་ང་ཚོས་དཔྱད་གཞིའི་མེ་ལོང་དུ་གཟུང་ཆོག་གོ ཐུགས་མཉམ་དགོས་པ་ནི་ལོ་ཙཱའི་ལག་ལེན་ལ་འཇུག་བཞིན་པའི་ལོ་ཙཱ་བ་མི་ཉུང་བ་ཞིག་གིས་གཞུང་ལུགས་ལ་མཐོང་ཆེན་མི་བྱེད་པ་དང་། སྒོས་སུ་རང་གི་ལག་ལེན་ལས་བརྒྱུད་པའི་ཉམས་མྱོང་ཉིད་གཞུང་ལུགས་སུ་གྲུབ་པར་དོ་སྣང་མི་བྱེད་པས། རང་ཉིད་ཀྱིས་དཀའ་སྤྱད་འབད་བརྩོན་ལས་བསགས་པའི་ཉམས་མྱོང་གཞན་ལ་བརྒྱུད་སྤྲོད་བྱེད་མི་ཐུབ་པ་མ་ཟད། རང་གི་ལོ་ཙཱའི་ཆུ་ཚད་ཀྱང་མཐོར་འདེགས་བྱ་མི་ཐུབ།

ཤེས་རྟོགས་ནི་ལག་ལེན་ལས་འགོ་བརྩམས་པ་དང་། ལག་ལེན་ལས་ཉམས་མྱོང་དང་གཞུང་ལུགས་གྲུབ་པ་དེ་སླར་ལག་ལེན་ཁྲོད་སྤྱོད་དགོསཞེས་པ་འདི་ནི་གཞུང་ལུགས་དང་ལག་ལེན་བར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་རྩ་དོན་ཞིག་ཡིན་ཞིང་། ལོ་ཙཱའམ་ཡིག་རིགས་གཉིས་ཀྱི་བརྗེ་སྒྱུར་བྱ་བར་ཡང་འདི་ཉིད་ཧ་ཅང་འཚམ་པ་ཡིན། དེ་བས་ང་ཚོས་གཞན་གྱི་ལོ་ཙཱའི་ཉམས་མྱོང་ལ་སློབ་སྦྱོང་དང་རང་ཉིད་ཀྱི་ལོ་ཙཱའི་ཉམས་མྱོང་ཕྱོགས་སྡོམ་གྱིས་དེ་དག་གཞུང་ལུགས་སུ་གྲུབ་རྗེས། སླར་ཡང་ལོ་ཙཱའི་ལག་ལེན་ཁྲོད་སྤྱད་དེ་ལག་ལེན་ཁྲོད་སྤྱད་དེ་ལག་ལེན་ལས་གཞུང་ལུགས་དེ་ཉིད་ཡང་དག་ཡིན་མིན་དང་། ནོར་འཆུགས་དང་ཞན་ཆ་ཁ་གསབ་བྱེད་པ། ཡང་ཡང་ལག་ལེན་དང་ཤེས་རྟོགས་བྱེད་པ། རྒྱུན་དུ་ཕྱོགས་སྡོམ་བཅས་བྱས་ཏེ་གཞུང་ལུགས་ཀྱི་བདེན་ཚད་མཐོ་རུ་འདེགས་དགོས།

     ༢  བརྗོད་བྱ་དང་རྗོད་བྱེད་བར་གྱི་འབྲེལ་བ།

ལོ་ཙཱ་ལས་མ་ཡིག་ལ་གོ་མ་ལེན་པ་དང་མ་ཡིག་གི་ནང་དོན་ཕྱིར་མཚོན་བྱེད་སྐབས་ནམ་ཡང་མ་ཡིག་གི་རྗོད་བྱེད་རྣམ་པར་བརྟེན་ནས་དེའི་བསམ་བློའི་ནང་དོན་ལ་རྒྱུས་ལོན་བྱ་དགོས་པ་དང་། དེའི་རྗེས་སུ་འགྱུར་ཡིག་གི་རྗོད་བྱེད་རྣམ་པར་བརྟེན་ནས་མ་ཡིག་གི་བསམ་བློ་ཕྱིར་མཚོན་བྱ་དགོས་པས། ལོ་ཙཱའི་ལས་འགན་ནི་རྗོད་བྱེད་ཚིག་གི་རྣམ་པ་དང་སྒྲ་གདངས་བསྒྱུར་བ་ཙམ་ལས་བསམ་བློའི་ནང་དོན་སོར་འཇོག་བྱ་རྒྱུ་དེ་ཡིན། དེ་ཡང་འགྱུར་ཡིག་གི་ཀློག་པ་པོས་འགྱུར་ཡིག་སྐད་ལ་བརྟེན་ནས་བླངས་པའི་གོ་བ་དང་མ་ཡིག་གི་ཀློག་པ་པོས་མ་ཡིག་གི་རྗོད་བྱེད་སྐད་ལ་བརྟེན་ནས་བླངས་པའི་གོ་བ་གཉིས་གཅིག་མཐུན་བྱུང་ན་ད་གཟོད་ལོ་ཙཱའི་བྱ་བ་ཡོངས་སུ་འགྲུབ་པ་རེད། འདི་ལྟའི་ཕན་ནུས་སུ་སླེབས་པར་ལོ་ཙཱ་བས་བརྗོད་བྱ་དང་རྗོད་བྱེད་ཀྱི་འབྲེལ་བ་ཐག་གཅོད་བྱེད་སྐབས་མ་ཡིག་གི་ཚིག་དོན་གི་ངོ་གདོང་ཙམ་གྱིས་མི་ཆོག་པར་དེའི་གཏིང་རིམ་པའི་ནང་དོན་ཕྱིར་མཚོན་བྱེད་སྐབས་མ་ཡིག་གི་ཚིག་ངོས་ཙམ་གྱི་གོ་བ་ལས་གཏིང་རིམ་པའི་ནང་དོན་ལ་མི་སྙེག་པ་དེ་འདྲའང་བྱེད་མི་རུང་ལ། མ་ཡིག་གི་ནང་དོན་དང་ཁ་བྲལ་ཏེ་འགྱུར་ཡིག་གི་ཚིག་ངོས་གཙང་ལ་བརྗོད་བདེ་སྙན་འཇེབས་ཤིག་རྩལ་དུ་འདོན་པའང་བྱ་མི་རུང་ངོ་།།

  བརྗོད་བྱ་གཙོར་འཛིན་དགོས་ཞེས་པས་རྗོད་བྱེད་ལ་མཐོང་ཆུང་དང་དེ་གལ་ཆུང་དུ་བཟུང་ཞེས་བཤད་པའང་མ་ཡིན་པར། འགྱུར་ཡིག་གི་ཀློག་པ་པོས་འགྱུར་ཡིག་གི་སྐད་ཆ་ལ་བརྟེན་ནས་མ་ཡིག་གི་བསམ་བློ་རྟོགས་དགོས་པས། གལ་སྲིད་འགྱུར་ཡིག་གི་བརྡ་སྤྲོད་གནད་ལ་འཁེལ་མེད་པ་དང་ཚིག་གི་ལོ་མས་དོན་གྱི་འབྲས་བུ་བསྒྲིབས་ཡོད་ན། འགྱུར་ཡིག་གི་ཀློག་པ་པོས་མ་ཡིག་ལ་གོ་བ་ལོན་པར་དགོས་མེད་ཀྱི་དཀའ་ངལ་བཟོ་སྲིད་པ་མ་ཟད། ཐ་ན་གོ་བ་ཕྱིན་ཅི་ལོག་ཏུ་ཐེབས་ཉིན་ཡང་ཡོད་པས། འགྱུར་ཡིག་གི་སྐད་ཆའི་ཁྱད་ཆོས་གཙོར་བཟུང་སྟེ་རྗོད་བྱེད་ཀྱིས་བསམ་བློའི་ནང་དོན་ཡང་དག་པའི་ངང་ནས་ཕྱིར་མཚོན་བྱེད་པར་རམ་འདེགས་བྱ་དགོས་སོ།།

༣  མ་ཡིག་གོ་བ་ལེན་པ་དང་བརྗོད་བྱ་ཕྱིར་མཚོན་བར་གྱི་འབྲེལ་བ།

རིག་གཞུང་ཁྱབ་ཁོངས་གང་ཞིག་ལོ་ཙཱ་བྱེད་རུང་གོ་རིམ་དང་པོ་ནི་མ་ཡིག་ལ་གོ་བ་ལེན་པ་དང་། གོ་རིམ་གཉིས་པ་ནི་མ་ཡིག་བརྗོད་བྱ་དེ་སྒྱུར་བྱེད་སྐད་ཀྱིས་ཕྱིར་མཚོན་བྱ་དགོས་དེ་ཡིན། མ་ཡིག་གི་གོ་བ་ཡང་དག་ལེན་རྒྱུ་ནི་འགྱུར་སྤུས་ལེགས་པོ་འབྱུང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། གོ་བ་ཡང་དག་ཅིག་བླངས་ན་འགྱུར་ཡིག་ནོར་མི་སྲིད་པ་མིན་མོད། གལ་སྲིད་གོ་བ་ཡང་དག་ཅིག་མ་ལོན་ན་འགྱུར་ཡིག་ལ་ནོར་འཆུགས་འབྱུང་བ་ནི་སྨོས་མ་དགོས་པ་ཞིག་རེད། དེ་བས་མ་ཡིག་ལ་གོ་བ་ལེན་པ་དང་བརྗོད་བྱ་ཕྱིར་མཚོན་བྱེད་པའི་བར་གྱི་འབྲེལ་བ་ནི་རྒྱུ་འབྲས་ཀྱི་འབྲེལ་བ་ཞིག་ཡིན་པས། མ་ཡིག་ལ་གོ་བ་ཡང་དག་ལོན་པ་ངེས་པར་རྨང་གཞིར་བཞག་ཐོག སྒྱུར་བྱེད་སྐད་ཀྱིས་མ་ཡིག་གི་བསྟན་དོན་དེ་ཡང་དག་པར་ཕྱིར་མཚོན་བྱ་དགོས། ལོ་ཙཱའི་གོ་རིམ་གཉིས་གར་རང་རང་གི་ཁྱད་ཆོས་རེ་ཡོད་དེ། མ་ཡིག་ལ་གོ་བ་ལོན་པ་དེ་ལོ་ཙཱ་བའི་བསྒྱུར་བྱའི་སྐད་ཀྱི་བྱང་ཚད་དང་སྒོས་སུ་ལྟ་ཀློག་ནུས་པར་རག་ལས་པ་དང་། བརྗོད་བྱ་ཕྱིར་མཚོན་གྱི་ནུས་པ་དེ་སྒྱུར་བྱེད་སྐད་ཀྱི་བྱང་ཚད་དང་རྩོམ་འབྲི་ནུས་པར་རག་ལས་པས་ན། ལོ་ཙཱ་དོན་དུ་གཉེར་བ་རྣམས་ཀྱིས་རང་ཉིད་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས་བསྒྱུར་བྱ་དང་སྒྱུར་བྱེད་སྐད་ཀྱི་ཆུ་ཚད་མཐོར་འདེགས་བྱ་བ་གཙིགས་སུ་འཛིན་དགོས། གཞན་ཡང་ལོ་ཙཱ་ནི་རིག་གནས་བརྒྱུད་སྒྲོག་གི་བྱ་བ་ཞིག་ཡིན་པས། ལོ་ཙཱ་བ་ཞིག་ཡིན་ན་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་གཉིས་ལ་ངེས་ཆ་ཡོད་པ་ཙམ་གྱིས་མི་ཆོག་པར། ཆབ་སྲིད་གཞུང་ལུགས་ཐད་ཀྱི་ཤེས་བྱ་དང་རིག་གནས་སྣ་མང་ལ་རྒྱུས་མངལ་ཡོད་པ་ཞིག་ཡིན་དགོས་ཏེ། སྲིད་རྩོམ་ལོ་ཙཱ་བྱ་བར་ཆབ་སྲིད་གཞུང་ལུགས་ཐད་ཀྱི་ཆུ་ཚད་ངེས་ཅན་ཞིག་མེད་ན་མ་ཡིག་གོ་བ་ཡང་དག་ཅིག་ལེན་ཁག་པ་དང་། རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་ལོ་ཙཱ་བྱེད་པར་རྩོམ་རིག་སྐོར་གྱི་བློ་སྦྱོང་དང་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ཀྱི་ཤེས་བྱ་ངེས་ཅན་ཞིག་མེད་ན་མ་ཡིག་གི་གོ་བ་མི་ལོན་ཞིང་རྩོམ་གཤིས་ཀྱང་ཕྱིར་མཚོན་བྱེད་མི་ཐུབ། དེ་བཞིན་དུ་ཚན་རྩལ་རྩོམ་ཡིག་ལོ་ཙཱ་བྱེད་པར་ཚན་རྩལ་སྐོར་གྱི་ཤེས་བྱ་མང་པོར་རྒྱུས་མངའ་ཡོད་དགོས་པ་དང་། ཚགས་པར་དང་དུས་དེབ། གསར་འགྱུར་སོགས་ལོ་ཙཱ་བྱེད་པར་ཤེས་བྱའི་སྣ་མང་པོ་ཞིག་ལ་འཕྲད་ངེས་པས་སོ།།

  མ་ཡིག་ལ་གོ་བ་ལེན་པ་དང་བརྗོད་བྱ་ཕྱིར་མཚོན་པ་གཉིས་བལྟས་ཚོད་ཀྱིས་སྔ་ཕྱིའི་གོ་རིམ་གཉིས་ཡིན་ནའང་། དོན་དངོས་སུ་དེ་གཉིས་ནི་གཞི་གཅིག་ཏུ་འབྲེལ་བ་ཞིག་ཡིན་ཏེ། ལོ་ཙཱའི་བྱ་བའི་བརྒྱུད་རིམ་ཁྲོད་དུ་མ་ཡིག་ལ་གོ་བ་ལེན་ཞོར་དོན་ཇི་ལྟར་སྟོན་པར་བསམ་གཞིག་གཏོང་དགོས་པ་དང་། དོན་སྟོན་ཞོར་གོ་བ་གཏིང་ཟབ་དང་ཡང་དག་ལོན་མིན་ལ་བསམ་བློ་གཏོང་དགོས།

     ༤  ཐད་བསྒྱུར་དང་དོན་བསྒྱུར་བར་གྱི་འབྲེལ་བ།

ཐད་བསྒྱུར་དང་དོན་བསྒྱུར་ནི་ལོ་ཙཱའི་ལག་ལེན་ཁྲོད་ཀྱི་རྩ་བའི་སྒྱུར་ཐབས་གཉིས་ཡིན་པ་དང་། དེ་གཉིས་ཀྱི་གང་ཞིག་ཡིན་རུང་དམིགས་ཡུལ་ནི་བསྒྱུར་བའི་སྐད་ཡིག་གི་བརྡ་དོན་དེ་སྒྱུར་བྱེད་སྐད་ལ་ངོ་སྤྲོད་བྱ་རྒྱུ་དེ་ཡིན།

 བསྒྱུར་བྱ་དང་སྒྱུར་བྱེད་སྐད་ཡིག་གི་བརྗོད་དོན་མཚུངས་པ་མ་ཟད། ཚིག་གི་གྲུབ་ལུགས་གཅིག་འདྲ་ཡིན་པའི་སྐབས་སུ་ཐད་སྒྱུར་བྱས་པས་འཐུས་ཤིང་། སྐད་ཡིག་སོ་སོས་གྲུབ་པའི་ངག་གི་ཕྲེང་བའི་བརྗོད་དོན་འདྲ་ནའང་ཚིག་ཟིན་གྱི་ནང་དོན་དང་ཚིག་གི་གྲུབ་ཚུལ་མི་མཚུངས་པའི་སྐབས་སུ་དོན་སྒྱུར་བྱ་དགོས་ཏེ། སྒྱུར་བྱེད་མིང་བརྡའི་འཕྲི་སྣོན་དང་རྗོད་བྱེད་ཚིག་གི་སྔ་ཕྱི་བསྣོར་བ། ཚིག་གྲུབ་ཀྱི་རྣམ་པ་གཞན་དུ་བརྗེས་ཏེ་མ་ཡིག་གི་བསྟན་དོན་ཇི་བཞིན་མཚོན་པ་སོགས་ནི་དོན་སྒྱུར་ཡིན་པས་སོ།།

  ཐད་སྒྱུར་དང་དོན་སྒྱུར་ཐད་ཀྱི་རྩོད་གླེང་ནི་དུས་ཡུན་རིང་པོ་ནས་བྱུང་བ་དང་། དེ་ཡང་གཙོ་བོ་རྩ་བའི་སྒྱུར་ཐབས་དེ་གཉིས་ལ་གོ་བ་ལེན་སྟངས་མི་འདྲ་བ་ལས་བྱུང་བས་ང་ཚོས་ཐད་སྒྱུར་ཐབས་དང་དོན་སྒྱུར་གྱི་འབྲེལ་བ་ཐག་གཅོད་བྱེད་སྐབས་ངེས་པར་དུ་དེ་གཉིས་ལ་གོ་བ་ཡང་དག་པ་ཞིག་ལེན་རྒྱུ་ནི་གནད་དུ་ཆེའོ།། བརྗོད་མ་ཐག་པའི་ཐད་སྒྱུར་བྱ་བའང་བསྒྱུར་བྱའི་མིང་ཚིག་གི་ཚོགས་རྣམས་སྒྱུར་བྱེད་སྐད་ལ་ཐད་ཀ་ཐད་སོ་ནས་ཕྲེང་སྒྲིག་པ་ཙམ་ཞིག་མ་ཡིན་ཏེ། དེ་ལྟར་ན་དེ་ནི་རྡོ་ཆག་བཙན་སྒྲིག་ལས་མ་འདས་པས་མ་ཡིག་གི་བརྗོད་དོན་བསམ་བློ་རྣམས་ཡང་དག་པར་མཚོན་མི་ཐུབ་བོ།། དོན་སྒྱུར་བྱ་བའང་བསྒྱུར་བྱའི་སྐད་ཡིག་གི་ནང་དོན་གཙོ་བོ་གང་ཡིན་པ་དེ་བསྒྱུར་བ་ཙམ་མ་ཡིན་ཏེ། དེ་ལྟར་ན་དེ་ནི་སྒྲིག་སྒྱུར་དང་བསྡུས་སྒྱུར། འདེམ་སྒྱུར་བཅས་ལས་མ་འདས་པས་དོན་ངོ་མའི་སྟེང་གི་ལོ་ཙཱ་བྱ་བ་མ་ཡིན་ནོ།།

དོན་སྒྱུར་དང་ཐད་སྒྱུར་གང་ཞིག་ཡིན་རུང་ལོ་ཙཱའི་ལག་ལེན་ཁྲོད་རྒྱ་ཆེར་སྤྱོད་ཀྱིན་ཡོད་པ་མ་ཟད། དེ་གཉིས་ནི་གཅིག་རམ་གཅིག་འདེགས་དང་འདྲ་འདྲེས་སུ་སྤྱོད་ཀྱིན་ཡོད་པས་ན་རྩོམ་ཡིག་ཧྲིལ་པོ་ཞིག་ལ་སྒྱུར་ཐབས་གཅིག་བེད་སྤྱོད་པ་ནི་མི་སྲིད་པ་ཞིག་རེད། སྐབས་གང་དུ་སྒྱུར་ཐབས་གང་ཞིག་བེད་སྤྱོད་པ་ནི་སྒྱུར་ཐབས་འདི་གཉིས་ཀྱི་རྩ་བའི་ཁྱད་ནུས་ལ་རག་ལས་པ་རེད། སྤྱིར་བཏང་དུ་ཐད་སྒྱུར་ནི་བྱེ་བྲག་གི་གནད་དོན་ཐག་གཅོད་བྱེད་པ་དང་དོན་སྒྱུར་ནི་སྤྱིའི་གནད་དོན་ཐག་གཅོད་བྱེད་པར་ཕན་སླེབས་ཆེ་བ་དང་། ཡང་ཐད་སྒྱུར་ནི་སྐད་ཡིག་གཉིས་ཀྱི་བརྗོད་དོན་དང་བརྡ་སྤྲོད་ཚུལ་དོ་མཉམ་པའི་སྐབས་དང་དོན་སྒྱུར་ནི་དེ་ལས་ལྡོག་སྟེ་སྐད་ཡིག་གཉིས་ཀྱི་བརྗོད་དོན་ཚིག་གི་གྲུབ་ལུགས་ཐ་དད་ཀྱི་སྐབས་སུ་བེད་སྤྱད་ན་ཧ་ཅང་འཚམ་པོ་ཡིན། ཐད་སྒྱུར་གྱིས་བསྒྱུར་བྱའི་སྐད་ཀྱི་ཚིག་དོན་གྱི་ཉམས་ཁྱད་པར་ཅན་བསྡུ་ལེན་དང་སྲུང་འཛིན་བྱ་ཐུབ་པ་དང་། དོན་སྒྱུར་གྱིས་སྒྱུར་བྱེད་སྐད་ཀྱི་བརྡ་སྤྲོད་ཚུལ་བཞིན་བསྒྱུར་བྱའི་ནང་དོན་ངོ་སྤྲོད་བྱ་ཐུབ་པས་འགྱུར་ཡིག་ཀློག་པ་པོས་གོ་སླ་བ་ཡིན། སྤྱིར་བཏང་ཐད་སྒྱུར་དེ་ཆབ་སྲིད་དང་ཚན་རྩལ་གྱི་བརྩམས་ཆོས་བསྒྱུར་བ་དང་དོན་སྒྱུར་དེ་རྩོམ་རིག་བརྩམས་ཆོས་བསྒྱུར་བར་ཤིན་ཏུ་འཚམ་ནའང་ལག་ལེན་དངོས་ཀྱི་སྐབས་སུ་དེ་གཉིས་ཀྱི་གདམ་ཀ་དེ་དོན་དངོས་གནས་ཚུལ་དང་བསྟུན་ནས་གཏན་འབེབས་བྱ་དགོས།།

     ༥  སྤྱི་དང་བྱེ་བྲག་གི་འབྲེལ་བ།

སྤྱི་དང་བྱེ་བྲག་ནི་ལྟོས་བཅས་ཀྱི་སྒོ་ནས་བཤད་པ་ཞིག་ཡིན་ཞིང་། རྩོམ་ཧྲིལ་པོ་ཞིག་ཚན་པ་དུ་མའང་མང་པོས་གྲུབ་པས་དེ་ལས་ཚན་པ་ནི་བྱེ་བྲག་དང་རྩོམ་ཧྲིལ་པོ་ནི་སྤྱི་ཡིན། ཚན་པ་ཞིག་རྗོད་པ་དུ་མས་གྲུབ་པས་རྗོད་པ་ནི་བྱེ་བྲག་དང་ཚན་པ་ནི་སྤྱི་ཡིན། ཡང་རྗོད་པ་གང་ཡང་རུང་བ་ཞིག་མིང་དུ་མས་གྲུབ་པས་དེ་ལས་རྗོད་པ་ནི་སྤྱི་དང་མིང་དང་ཕྲད་ནི་བྱེ་བྲག་ཡིན། དེ་བས་ང་ཚོས་རྩོམ་ཡིག་གང་རུང་ཞིག་ལོ་ཙཱ་བྱེད་སྐབས། རྩོམ་ཡིག་ཧྲིལ་པོ་དེ་ག་སྤྱི་དང་དེ་འགྲུབ་བྱེད་ཀྱི་ལེའུ་དང་ཚན་པ། རྗོད་པ། མིང་རྣམས་ནི་བྱེ་བྲག་ཏུ་བལྟ་དགོས། སྤྱི་ནི་བྱེ་བྲག་གིས་གྲུབ་པ་ཞིག་ཡིན་པས། བྱེ་བྲག་ལ་སྤྱི་ཡིས་ཚོད་འཛིན་ཐེབས་ཀྱིན་ཡོད། སྤྱི་དང་བྱེ་བྲག་གི་འབྲེལ་བ་ཐག་གཅོད་བྱེད་སྐབས། བྱེ་བྲག་སྤྱི་ཡི་རྗེས་སུ་འགྲོ་ལྡོག་བྱེད་པར་ཡིད་འཇོག་བྱ་དགོས།

  མིང་བརྡ་གཅིག་དོན་དུ་མར་སྙེག་ས་ཡོད་པ་དེ་བཞིན་རྗོད་པའི་ཁྲོད་ན་འཕྲོས་དོན་གཞན་ལ་རྗོད་པའང་ཡོད། དེ་བས་མ་ཡིག་ལ་གོ་བ་ལེན་སྐབས། ཚིག་གི་སྔ་ཕྱིར་བལྟས་ནས་མིང་དང་རྗོད་པའི་བར་གྱི་གཏན་ཚིགས་འབྲེལ་བར་དོ་སྣང་བྱས་ཏེ་དེ་དག་གི་དོན་ཅི་ཡིན་ཡང་དག་ངང་རྟོགས་པར་བྱ་དགོས་པ་ལས་བྱེ་བྲག་གི་བརྗོད་བྱས་སྤྱི་ཡི་ཚབ་བྱེད་པ་དེ་ལྟ་བུ་གཏན་ནས་བྱ་མི་རུང་། སྤྱིའི་ཁྲོད་ནས་བྱེ་བྲག་ལ་གོ་བ་གཏིང་ཟབ་ལེན་པ་དང་བྱེ་བྲག་ཕན་ཚུན་བར་གྱི་འབྲེལ་བ་ལས་སྤྱིར་གོ་བ་དཔྱིས་ཕྱིན་པ་ཞིག་ལེན་དགོས། འགྱུར་ཡིག་གིས་མ་རྩོམ་གྱི་ནང་དོན་ཕྱིར་མཚོན་པའི་སྐབས་སུའང་སྤྱི་དང་བྱི་བྲག་གི་འབྲེལ་བར་དོ་སྣང་བྱས་ཏེ་མིང་བརྡ་དང་བརྡ་སྤྲོད་ཚུལ་གྱི་སྐབས་སུ་བྱེ་བྲག་གིས་སྤྱི་ལ་གཞོགས་འདེགས་ཀྱི་ནུས་པ་ཐོན་ཐུབ་པ་བྱ་དགོས། སྤྱིར་མིང་བརྡ་ཞིག་སྒྱུར་བྱེད་ཀྱི་སྐད་ལ་འདི་ལྟར་བསྒྱུར་ཆོག་ནའང་། རྗོད་པ་ཐུན་མོང་མ་ཡིན་པ་ཞིག་ཁྲོད་དུ་དེ་ལྟར་བསྒྱུར་མི་རུང་བ་དང་། རྗོད་པ་གང་རུང་ཞིག་གི་ཁྲོད་ནས་དེ་ལྟར་བསྒྱུར་ཆོག་ནའང་རྩོམ་ཡིག་ཧྲིལ་པོ་དང་ཚན་པ་ཞིག་གི་ངོས་ནས་གཞིགས་ན་དེ་ལྟར་བསྒྱུར་མི་འཚམ་པའི་སྣང་ཚུལ་ཡང་འབྱུང་གིན་ཡོད་པས། འདི་ལྟའི་གནས་ཚུལ་འོག་སྤྱི་ལ་གཞིགས་ཏེ་སྤྱི་དང་འཚམ་ཞིང་འབྱོར་བའི་མིང་བརྡ་ཞིག་གདམ་རྒྱུ་ནི་ཧ་ཅང་གལ་ཆེའོ།།

  ལོ་ཙཱའི་ལག་ལེན་དངོས་ཀྱི་ཁྲོད། མི་རྣམས་ཀྱི་བྱེ་བྲག་ལས་སྤྱི་ལ་དོ་སྣང་མི་བྱེད་པའི་སྣང་ཚུལ་འབྱུང་གིན་ཡོད་དེ། མིང་བརྡ་ཞིག་དང་གཏམ་དཔེ་ཞིག་གི་སྒྱུར་ཚུལ་ལ་ཡིད་འཇོག་བྱས་ཡོད་ནའང་སྒྱུར་ཚུལ་དེ་རྩོམ་ཡོངས་ནས་བལྟས་ན་དོན་ལ་འབྱོར་མིན་དང་། ཡང་དག་ཅིང་གནད་ལ་འཁེལ་བའི་སྒོ་ནས་མ་ཡིག་གི་བསྟན་དོན་ཕྱིར་མཚོན་ཡོད་མེད་ལ་དོ་སྣང་བྱེད་ཀྱི་མེད། སྐབས་འགར་རྗོད་པ་ཞིག་གི་སྒྱུར་ཚུལ་དེ་བློ་ཁོག་ན་ཡོད་ནའང་། དེ་ག་རྗོད་པ་སྔ་ཕྱི་དང་སྦྱོར་བདེ་མིན། ཚགས་དག་མིན། གཏན་ཚིགས་ཀྱི་འབྲེལ་བ་ཡོད་མེད་ལ་དོ་སྣང་བྱེད་ཀྱི་མེད། དེ་བས་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཐག་གཅོད་བྱེད་སྐབས་སྤྱི་ཡོངས་ལ་བལྟས་ནས་བྱ་དངོས་ཀྱི་འབྲེལ་བ་ཐག་གཅོད་བྱེད་ཚུལ་ལ་རྟིང་གནོན་ཤུགས་ཆེན་བྱ་དགོས་པ་ལས་བྱེ་བྲག་ཙམ་ལ་བལྟས་ནས་སྤྱིའི་ནང་དོན་གཏན་འབེབས་བྱེད་པ་ནི་བླང་བར་བྱ་མ་མ་ཡིན་ནོ།།

 

 ༦ སྒྲ་དང་དོན་སྒྱུར་བར་གྱི་འབྲེལ་བ།

       སྒྲ་སྒྱུར་ནི་མ་ཡིག་གི་སྒྲ་སོར་འཇོག་ལ་ཟེར་ཞིང་། དེ་ནི་སྐད་ཡིག་སོ་སོའི་ཁྲོད་གཡར་མིང་ཕལ་ཆེར་ལ་བྱ། དོན་སྒྱུར་ནི་བསྒྱུར་བྱའི་མིང་གི་དོང་ནད་མཚུངས་པ་ཞིག་སྒྱུར་བྱེད་སྐད་ཀྱིས་དེ་དང་མཚུངས་པའི་མིང་ཞིག་ཏུ་བསྒྱུར་བ་ལ་ཟེར། འདིའི་རིགས་ཀྱི་སྒྱུར་མིང་ནི་སྒྱུར་བྱེད་སྐད་ལ་སྔ་ནས་ཡོད་པ་ཞིག་དང་ཡང་ན་སྒྱུར་བྱེད་སྐད་དུ་གསར་གཏོད་བྱེད་པ་གང་རུང་ཞིག་ཡིན་ཆོག

  སོར་འཇོག་བྱེད་ཚུལ་ནིསྒྲ་སྦྱོར་བམ་གཉིསལས་མི་བསྒྱུར་བ་རྣམ་གསུམ་དུ་བཤད་དེ། མ་ཡིག་ལས་ཤིང་དང་སྨན། ས་མིང་དང་མི་མིང་། གྲོང་ཁྱེད་གྱི་མིང་ལ་སོགས་པ་རང་སྐད་དུ་ཇི་བཞིན་མི་འོང་བས་སོར་འཇོག་བྱེད་དགོས་པ་དང་། མིང་གཅིག་དོན་མང་པོ་ལ་འཇུག་པ་རྣམས་དོན་གཅིག་ཁོ་ནར་བསམ་ནས་མི་བསྒྱུར་བར་མ་ཡིག་གི་སྐད་རང་སོར་འཇོག་པ། ད་དུང་གསང་སྔགས་ཀྱི་གཞུང་དོན་བོད་སྐད་དུ་བསྒྱུར་སྐབས་གོ་ལོག་ཐེབས་ཉེན་ཡོད་པ་རྣམས་སྐད་རང་སོར་འཇོག་དགོས་པར་གཏན་ཕབ་མཛད་ཡོད། གཞན་རྒྱ་ནག་གི་ཐང་སིན་བླ་མས་ཀྱང་མི་བསྒྱུར་རྣམ་ལྔར་བཤད་པ་ལས་མི་བསྒྱུར་བ་ཞེས་པའང་སྒྲ་སོར་འཇོག་བསྟན་པ་ཡིན། སྒྱུར་ཐབས་འདི་གཉིས་ལ་སོ་སོའི་ཁྱད་ཆོས་ཡོད་པ་ནི་སོར་འཇོག་ནི་སྤྱིར་བཏང་ཆེད་སྤྱོད་མིང་བརྡའི་རིགས་ལ་སྤྱོད་པ་དང་། དེ་མིན་གྱི་མིང་ཇི་སྙེད་དོན་སྒྱུར་བྱ་དགོས། ལག་ལེན་གྱི་ཚེ་ན་ཕྱོགས་གཉིས་ལ་ཐུགས་མཉམ་འཇོག་དགོས་ཏེ། གཅིག་ནི་སོར་འཇོག་ཐལ་ཆེ་བའང་གང་བྱུང་དུ་སྒྲ་སྒྱུར་སྤྱོད་ཆེ་བ་སྟེ་ཆེད་སྤྱོད་ཐ་སྙད་གསར་པའི་ལོ་ཙཱའ་སྐབས་སྒྱུར་བྱེད་སྐད་ལ་དེ་དང་དོན་མཚུངས་པའམ་སྒྱུར་བྱེད་སྐད་ཀྱིས་གསར་གཏོད་མ་བྱེད་པར་གང་འདོད་དུ་སོར་འཇོག་བྱས་པས་འགྱུར་མ་གོ་དཀའ་བར་བཟོས་པ། ཅིག་ཤོས་ནི་སྒྱུར་བྱེད་སྐད་ཀྱི་བརྗོད་ལུགས་རྣལ་མར་བསྟུན་ཆེ་བས་སྒྲ་སྒྱུར་རམ་སོར་འཇོག་གཏན་མ་བྱས་པར། ཐ་སྙད་དམ་མིང་བརྡ་རྙིང་པས་ངོ་བོ་མི་འདྲའི་བྱ་དངོས་རིགས་མཚོན་པར་བྱས་པས་བརྗོད་བྱ་འཁྲུག་པར་གྱུར་བ་དེའོ།། གཞན་དེ་གཉིས་ནི་ཡོངས་སུ་མཉམ་སྤྱོད་བྱ་མི་ཆོག་པ་ཞིག་མ་ཡིན་པར་ལོ་ཙཱའི་དགོས་མཁོར་གཞིགས་ནས་བབ་བསྟུན་གྱིས་ཟུང་འབྲེལ་བྱེད་ཆོག་པ་ནི་སྒྲ་དོན་ཕྱེད་སྒྱུར་ཏེ་མིང་བརྡ་ཞིག་གི་ཕྱེད་ཀ་དོན་སྒྱུར་དང་ཕྱེད་ཀ་སྒྲ་སྒྱུར་བྱེད་པ་ནི་ཐང་རྒྱལ་རབས་དང་རྒྱལ་མོ་ཝུའུ་ཙེ་ཐན། ཐང་ཡིག་གསར་རྙིང་། པེ་ཅིང་སློབ་གྲྭ་ཆེན་མོ་སོགས་དང་། ཡང་གསལ་འགྲེལ་གྱི་ཚུལ་དུ་སྒྲ་བསྣན་ཏེ་སོར་འཇོག་བྱས་པ་ནི་རྒྱ་ནག་ཧྭ་ཤང་དང་ཐང་སིན་བླ་མ། པེ་ཅིན་གྲོང་ཁྱེད། མེ་ཏོག་ཙམ་པ་ཀ ཆུ་བོ་གངྒ་སོགས་གང་ཟག་དང་ཡུལ། མེ་ཏོག། ཆུ་བོ་ལ་སོགས་པའི་རིགས་ཀྱི་བྱེ་བྲག་སྟོན་པའི་སྒྲ་བསྣན་པ་ལྟ་བུའོ།།

གོང་དུ་སྨོས་པའི་འབྲེལ་བ་དག་ནི་གནད་དོན་ཐག་གཅོད་བྱ་བདེ་ཆེད་དུ་ཟུར་མི་འདྲ་བའི་ངོས་ནས་གླེང་བ་ཡིན་མོད། ལག་ལེན་དངོས་ཀྱི་ཚེ་ན། རྒྱུན་དུ་དེ་དག་སྤེལ་མར་ཡོད་པས། ལོ་ཙཱའི་བརྒྱུད་རིམ་ཁྲོད་ཚིག་གྲུབ་གཅིག་གི་ནང་དུ་འབྲེལ་བ་འདི་འདྲ་གཉིས་ཡན་ལ་འཕྲད་ངེས་ན། ལོ་ཙཱའི་ལས་ལ་འཇུག་མཁན་རྣམས་ཀྱིས་གཞུང་ལུགས་ཀྱི་མཛུབ་སྟོན་དང་ལག་ལེན་གྱི་ཟིན་ལས་འབྲེལ་བ་དེ་དག་ཐག་གཅོད་ཡང་དག་བྱ་དགོས་སོ།།


ཟུར་ལྟའི་དཔྱད་གཞི།

༡ 《རྒྱ་བོད་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་རབ་གསལ་མེ་ལོངསྐལ་བཟང་འགྱུར་མེད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

༢《རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་སྒྲོན་མེའབྲུག་ལྷ་དང་ཟླ་བ་ཚེ་རིང་། མི་རིགས་དཔེ་སྐྲུན་ཁང་།

སྐད་བརྡ་རིག་པའི་སྤྱི་བཤདསུམ་པ་ཚེ་རིང་དོན་གྲུབ་ཚེ་རིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

རྒྱ་བོད་ཡིག་སྒྱུར་སློབ་གཞི་བློ་གསར་འཇུག་དེབཔ་སངས་རྡོ་རྗེ། མི་རིགས་དཔེ་སྐྲུན་ཁང་།

མཁས་པ་འཇུག་པའི་སྒོས་པཎ་ཀུན་དགའ་རྒྱལ་མཚན། མི་རིགས་དཔེ་སྐྲུན་ཁང་།

བརྡ་སྤྲོད་བློ་གསལ་དགའ་སྟོནདམུ་དགེ་བསམ་གཏན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།


  • ལེ་ཚན་སྔོན་མ།:སློབ་གསོ་སློབ་ཁྲིད་ཐད་ཀྱི་བསམ་གཞིག་ཕྲ་མོ།
  • ལེ་ཚན་རྗེས་མ།:ས་པཎ་མཁས་འཇུག་དང་འབྲེལ་ནས་སློབ་ཁྲིད་བྱེད་ཐབས་མདོར་བསྡུས་སུ་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།