2025-12-10
ཉེ་ལམ། ཞིབ་འཇུག་པ་རྒན་རྣམ་རྒྱལ་ལགས་ཀྱིས་གཙོ་སྐྱོང་བྱས་ཤིང་། ཁོའི་ཞིབ་འཇུག་ཚོ་ཆུང་གིས་ལོ་མང་རིང་མཉམ་ལས་བྱས་པའི་ལས་གཞི་ཞིག་མཇུག་སྒྲིལ་རན་པ་དང་དཔྱད་རྩོམ་ཞིག་རྒྱ་ཡིག་གི་ལམ་ནས་སྤེལ་འདུག། དཔྱད་རྩོམ་གྱི་ཁ་བྱང་ནི་བོད་ཀྱི་གསེར་དངུལ་གྱིས་བལ་པོའི་ལོ་རྒྱུས་རིག་གནས་ལ་ཤུགས་རྐྱེན་ཐེབས་པའི་སྐོར་གླེང་བ(《西藏金银对尼泊尔经济和社会的影响》)ཞེས་པ་ཡིན་ཞིང་། དཔྱད་རྩོམ་འདི་ནི་ལི་ཧྲན་དགེ་འོས་སློབ་གླིང(乐山师范学院)གི་ཧི་མ་ལ་ཞིབ་འཇུག་ལྟེ་གནས(跨喜马拉雅研究中心,KX2023B02)ཀྱིས2023ལོར་ཆོག་མཆན་སྤྲད་ནས་ལས་གཞི་གསར་འཛུགས་བྱས་པར་ཐོབ་པའི་གྲུབ་འབྲས་ཤིག་རེད།
རྒན་རྣམ་རྒྱལ་ནི་སི་ཁྲོན་ཕྱག་ཕྲེང་རྫོང་གི་མི་ཡིན་ཞིང་མི་རིགས་རིག་པའི་རིག་ཚན་འོག་ཏུ་ཀྲུང་གོའི་གྲངས་ཉུང་མི་རིགས་ལོ་རྒྱུས་ཀྱི་ཆེད་ལས་ཐོག་ནས་འབུམ་རམས་པ་མཐར་ཕྱིན། ཁོའི་ཞིབ་འཇུག་གི་ཁ་ཕྱོགས་ནི་བོད་གནའ་བོའི་ལོ་རྒྱུས་དང་ཡིག་ཚང་ཞིབ་འཇུག་ཡིན་ཞིང་། སྔོན་ཆད་སི་ཁྲོན་ཞིང་ཆེན་མི་རིགས་དུས་དེབ་ཁང་དུ་ལག་བསྟར་རྩོམ་སྒྲིག་པའི་འགན་ཁུར་ནས་བགྲང་བྱ་བདུན་ལྷག་གི་རིང་ལ་བྱ་བ་བསྒྲུབས། དེ་ནས་སི་ཁྲོན་མི་རིགས་སློབ་གླིང་གིས་མཐོ་རིམ་ཤེས་ལྡན་མི་སྣའི་ཐོག་ནས་གདན་འདྲེན་ཞུས་པས། ད་ལྟ་སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོར་ལོ་རྒྱུས་རིག་གནས་དང་ཡུལ་སྐོར་སློབ་གླིང་དུ་དགེ་རྒན་གྱི་བྱ་བར་ཞུགས་ཡོད། ཁོའི་ཞིབ་འཇུག་ཚོ་ཆུང་ལ་ཡོངས་འཛིན་ཚང་གི་རྒན་རྡོ་རྗེ་རིན་ཆེན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་ཚེ་རིང་ལྷ་སྒྲོན། མི་རིགས་དུས་དེབ་ཁང་གི་ཁྲན་ལིས་ཅུན་ཞུའུ་བཅས་ཡོད་ཅིང་ཚོགས་ཞུགས་མི་སྣ་རྣམས་ཀྱིས་ཀྱང་རྩོམ་སྒྲིག་དང་ལོ་ཙཱ། ལས་གཞི་དོ་དམ་དང་རམས་འདེགས་སྣ་ཚོགས་ཀྱི་ཐད་ནས་ལས་གཞི་ལེགས་འགྲུབ་བྱུང་བར་མཐུན་རྐྱེན་བླ་མེད་བསྩལ།
དཔྱད་རྩོམ་འདིས་ཡིག་ཚང་དཔྱད་བསྡུར་གྱི་ལམ་ནས་ཞིབ་འཇུག་བྱས་ཡོད་ཅིང་། གཙོ་བོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བོད་ཀྱི་རིན་ཆེན་གསེར་དངུལ་གྱི་ལོ་རྒྱུས་རིག་གནས་ཀྱིས་བལ་པོའི་ལོ་རྒྱུས་རིག་གནས་ལ་ཤུགས་རྐྱེན་ཐེབས་ཚུལ་གསེད་བཀྲོལ་དང་ཕྱོགས་བསྡོམས་བྱས་ཡོད། དཔྱད་རྩོམ་འདིས་ལོ་རྒྱུས་ཡིག་ཚང་དཔྱད་སྡུར་བྱས་པ་ཙམ་མ་ཡིན་པར་ད་རུང་ལོ་རྒྱུས་དང་ཡིག་ཚང་བསྡུར་ནས་རིན་ཆེན་གསེར་དངུལ་དང་འབྲེལ་བའི་གནད་དོན་གྱི་མདུད་ནག་བཀྲོལ་ཐབས་བྱས་ཡོད་པ་རེད།
དཔྱད་རྩོམ་གྱི་ནང་དོན་སྤྱིའི་ཆ་ནས་བཤད་ན། ཏུན་ཧོང་གཏེར་ཡིགPT0126ལས་གཞིགས་ན། བོད་ཀྱི་གསེར་ཁའི་ལོ་རྒྱུས་དེ་སྤུ་རྒྱལ་སྔོན་གྱི་དམུ་དང་ཕྱྭའི་དུས་སྐབས་ནས་བྱུང་ཡོད་པ་གསལ། དམུ་རྒྱལ་གྱིས་ཕྱྭའི་ཕོ་ཉ་ལ་འདི་ལྟར་དྲིས་ཡོད་དེ། གསེར་ཁ་མ་བླང་པ་ཡོད་དམ་མྱེད་ཅེས་བྱུང་ཞིང་དམུ་རྒྱལ་ནི་རིན་པོ་ཆེའི་རིགས་དང་འབྲུ་རིགས་སོགས་ནོར་གྱི་ཐོན་ཁུངས་ལ་དོ་སྣང་ཆེན་པོ་བྱས་ཤིང་ནོར་གྱི་ཉམས་ཆོད་པ་ཞིག་ཡིན་པ་ཏུན་ཧོང་གཏེར་ཡིག་ལ་གསལ། འདི་ལས་གསེར་ཁ་ནི་རིན་པོ་ཆེ་གསེར་གྱི་གཏེར་ཁའམ་ནོར་གཏེར་ལ་གོ་དགོས་ཤིང་གཅིག་ནས་གནའ་བོའི་ནོར་གཏེར་བླང་པའི་རིག་གནས་མཚོན་ཡོད་ཅིང་གཉིས་ནས་བོད་མིས་གནའ་ནས་གསེར་ཁ་འབྱེད་པའི་སྲོལ་ལུགས་བྱུང་ཡོད་པ་གསལ། སྤྱི་ལོ632ལོར། ཆོས་རྒྱལ་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་བོད་དུ་གདན་དྲངས། སྤྱི་ལོ641ལོར། དེ་བ་ཞེས་པའི་བལ་པོའི་རྒྱལ་པོས་སྲོང་བཙན་སྒམ་པོར་ཕོ་ཉ་བཏང་ནས་དམག་རོགས་ཞུས་པར་བོད་བཙན་པོའི་དམག་དཔུང་བལ་པོར་སོང་ནས་བལ་པོའི་རྒྱལ་རིགས་རྫུན་ཇི་ཏོ་ཟེར་བ་དེ་བརླག། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྲིད་དབང་གིས་བལ་པོར་ཤུགས་རྐྱེན་ཟབ་མོ་བཞག་པའི་ཚུད་ཆད་བོད་བལ་བར་གྱི་འབྲེལ་བ་ཡང་ཇེ་ཟབ་དང་ཇེ་མང་དུ་སོང་། འདིའི་སྐོར་ཐང་ཡིག་རྙིང་མ་ལ་ཡང་གསལ་པོར་བཀོད་ཡོད་པ་རེད། སྲོང་བཙན་སྒམ་པོས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་པ་དང་སྐྱིད་རོང་གི་ཚོང་ལམ་རྒྱ་སྐྱེད་བཏང་བ་སོགས་ཀྱིས་གཅིག་ནས་མཐའ་མཚམས་མི་རིགས་ལ་དོ་དམ་བྱས་ཤིང་གཉིས་ནས་རིན་ཆེན་གསེར་གྱི་གཏེར་ཁ་ཕྱེ་ནས་རྒྱ་བལ་སོགས་ཀྱི་ནོར་རྩ་ཆེན་བོད་ལ་དྲངས་པ་རེད། དཔྱད་རྩོམ་འདིས་གཙོ་བོ་སྲོང་བཙན་སྒམ་པོའི་དུས་སྐབས་ཀྱི་གསེར་དངུལ་གྱི་ཐོན་ཁུངས། སྲོང་བཙན་སྒམ་པོའི་དུས་སྐབས་སུ་བོད་ཀྱི་གསེར་དངུལ་གྱི་ཐོན་ཁུངས་བལ་པོར་ཚོང་ལམ་ཕྱེ་བའི་སྐོར། བོད་བཙན་པོས་བལ་པོའི་རྒྱལ་པོར་བསྩལ་བའི་གསེར་དངུལ་གྱི་ཁྱད་ནོར། བོད་ཀྱིས་གསེར་དངུལ་གྱིས་བལ་པོའི་མཁན་པོ་དང་བཟོ་པ་རྣམས་བོད་ལ་གདན་ནས་རིག་གནས་སྤེལ་རེས་བྱས་ཚུལ་བཅས་ཀྱི་ནང་དོན་བརྗོད་བྱ་རུ་བཟུང་ཡོད།
ཞིབ་འཇུག་འདི་བརྒྱུད་ནས་ཕྱོགས་བསྡོམས་འདི་ལྟར་བྱ་ནུས་ཏེ། བོད་ཀྱི་གསེར་དངུལ་གྱི་བལ་པོའི་ལོ་རྒྱུས་རིག་གནས་ལ་ཤུགས་རྐྱེན་ཐེབས་ཚུལ་ཞིབ་འཇུག་བྱེད་པ་འདི་ཡིག་ཚང་ལ་བསྟེན་དགོས་པར་མ་ཚད་ད་རུང་ཡུལ་དངོས་ལ་རྟོག་དཔྱོད་བྱས་ནས་ཡིག་ཡུལ་ཟུང་འདྲེས་དང་དཔྱད་སྡུར་བྱེད་པ་གལ་འགངས་ཤིན་ཏུ་ཆེ་བར་འདོད། སྤུ་རྒྱལ་དུས་སྐབས་སུ་བྱུང་བའི་གསེར་དངུལ་སོགས་ཀྱི་ཁྱད་ནོར་དེ་རིགས་ཀྱི་བཟོ་ཡུལ་དང་འདྲེན་ལམ། ཁྱད་ཆོས་དང་རིག་གནས་མཚོན་དོན་སོགས་ལ་ཡང་དཔྱད་སྡུར་བྱེད་དགོས་ཤིང་སྐབས་དེའི་གསེར་དངུལ་གྱི་རིག་གནས་དེ་བོད་ལྷོ་ནུབ་བྱང་གསུམ་དང་ཐ་ན་ཤར་ཕྱོགས་རྒྱ་ནག་གི་ཤུགས་རྐྱེན་སོགས་དང་ཡང་འབྲེལ་བ་གང་འདྲ་ཡོད་ཚུལ་སྐོར་ལ་མུ་མཐུད་དུ་ཞིབ་འཇུག་བྱེད་ན་ད་གཟོད་གནད་དུ་འཁེལ་བའི་བསྡོམས་འབྲས་དང་གནས་ལུགས་རྟོགས་ཐུབ་པར་འདོད། ཞིབ་འཇུག་འདིའི་རྨང་གཞིའི་ཐོག་ཏུ་ལས་གཞིའི་ཚོ་ཞུགས་མི་སྣ་རྣམ་པས་ཕྱིས་སུ་ཁ་ཕྱོགས་འདིའི་སྐོར་ལ་རང་ནུས་ཅི་ལྕོགས་ཀྱིས་ཞིབ་འཇུག་བྱ་གྲབས་ཡོད་པ་རེད། ཧི་མ་ལ་ཡ་བརྒལ་བའི་བོད་ཀྱི་གསེར་དངུལ་སོགས་ཀྱི་ཞིབ་འཇུག་གྲུབ་འབྲས་སྤེལ་ཐུབ་པའི་རེ་བ་ཡང་མཚོན་ཡོད་པ་རེད། དཔྱད་རྩོམ་འདི་ནི་ཡན་ཧོང་ས་ཁམས《炎黄地理》(2025年5期)ཞེས་པའི་དུས་དེབ་ཐོག་སྤེལ་ཡོད་པ་དགེའོ།།
གསར་འགོད་པ། ཨོ་རྒྱན་དོན་གྲུབ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10