ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་ལས་དོན་ཐད་གསུང་བཤད་གལ་ཆེན་གནང་།

        2025-08-21

ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ལས་དོན་སྙན་སེང་ལ་གསན་སྐབས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། མཐུན་སྒྲིལ་དང་འབྱོར་ཕྱུག། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འབད་པས་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད།    ཝང་ཧུའུ་ཉིང་དང་ཚའེ་ཆི་སྙན་ཞུའི་ཚོགས་འདུར་ཞུགས་ཡོད།    ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པར་ཕེབས་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཚེས20ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ལས་དོན་སྙན་སེང་ལ་གསན་གནང་ཡོད། ཁོང་གིས། བོད་ལྗོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། བརྟན་ལྷིང་དང་། གོང་འཕེལ། འབྱུང་ཁམས། མཐའ་མཚམས་སྟོབས་ཆེ་བཅས་དོན་ཆེན་བཞིར་རྒྱུན་མཐུད་ངང་དམ་འཛིན་གཏིང་ཟབ་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འབད་པས་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད།    ཞི་ཅིན་ཕིང་གིས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60སོང་ཚུན། ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག། རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་འབད་འཐབ་དང་། གསར་གཏོད་ཡར་བརྩོན་བྱས་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་བ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་བཅས་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅིང་། རྒྱལ་ཡོངས་ས་གནས་ཁག་དང་མཉམ་དུ་དུས་བཀག་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་ཡོད་ཅེས་བསྟན་གནང་ཡོད། ཁོང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་ཡོད།    ཞི་ཅིན་ཕིང་གིས། བོད་ལྗོངས་བཅོས་སྐྱོང་དང་བོད་ལྗོངས་བརྟན་ལྷིང་། བོད་ལྗོངས་དར་རྒྱས་བཅས་ཡོང་དགོས་ན། ཐོག་མར་བོད་ལྗོངས་ཀྱི་ཆབ་སྲིད་བརྟན་ལྷིང་དང་སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན་བཅས་ཡོང་བ་བྱ་དགོས། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་གོང་འཕེལ་གྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་གོང་འཕེལ་གྱི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་རྒྱག་པ། བོད་རང་སྐྱོང་ལྗོངས་ཀྱི་ལོ་ངོ60རིང་གི་འོད་སྟོང་འབར་བའི་གྲུབ་འབྲས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ། དུས་རབས་གསར་པའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ་བཅས་བྱས་ནས། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ནས“མོས་སེམས་ལྔ”ཟམ་མི་ཆད་པར་ཤུགས་ཆེར་གཏོང་རྒྱུར་ཁྲིད་སྟོན་བྱ་དགོས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་ཧུར་ཐག་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེ་ཁྱབ་གདལ་རྒྱ་ཆེར་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་ལྗོངས་དང་ནང་སའི་དབར་དཔལ་འབྱོར་དང་རིག་གནས། མི་སྣ་བཅས་ཀྱི་ཕྱོགས་གཉིས་སྤེལ་རེས་ལ་སྐུལ་འདེད་གཏང་དགོས། མ་ལག་ལྡན་པའི་སྒོ་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་དང་ཆོས་ལུགས་བྱ་དོན་བཅོས་སྐྱོང་དེ་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་ཤུགས་རྒྱུག་རྒྱུའི་བླང་བྱ་གཞིར་བཟུང་། བོད་བརྒྱུད་ནང་བསྟན་དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྣེ་ཁྲིད་བྱ་དགོས། ཏང་སྐྱོང་གིས་ལམ་སྣེ་ཁྲིད་པར་ཤུགས་རྒྱག་པ་དང་། སྤྱི་ཚོགས་ལས་དོན་གྱི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུ་སྔར་བས་གཅིག་སྡུད་བཅས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།     ཞི་ཅིན་ཕིང་གིས། བོད་ཀྱི་གོང་འཕེལ་ལ་རང་ངོས་ཀྱི་ཁྱད་ཆོས་ལྡན་ཡོད་པས། དོན་དངོས་ལ་གཞི་ཚུགས་ནས་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏང་དགོས། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་བཟང་ཆའི་ཐོན་ལས་དང་། ལྷག་པར་དུ་ཁྱད་ལྡན་ཞིང་འབྲོག་ལས་དང་ནུས་རྒྱུ་གཙང་མའི་ཐོན་ལས་གོང་འཕེལ་གཏོང་བ་དང་། ཐོན་ཁུངས་བཟོ་སྣོན་ལས་རིགས་རྒྱུན་མཐུད་གོང་འཕེལ་གཏོང་བ། དེང་རབས་ཞབས་ཞུའི་ལས་རིགས་གོང་འཕེལ་ཧུར་ཐག་གཏོང་བ། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་གཏང་དགོས། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་དང་ཁྲོན་བོད་ལྕགས་ལམ་སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ནུས་ལྡན་དང་གོ་རིམ་ལྡན་པ། ཕན་འབྲས་ཆེ་བ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏང་དགོས། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། སྔོ་རྒྱ་ཆེར་གཏོང་། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ།“འཛམ་གླིང་ཡང་རྩེ”དང“ཨ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བྱ་དགོས། རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ལས་ཞུགས་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། རྒན་གསོ། བུ་བཅོལ་སོགས་དམངས་འཚོའི་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་སྔར་བས་ཆེ་རུ་གཏང་དགོས། དིང་རི་རྫོང་གི་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་མུ་མཐུད་ལེགས་པར་བསྒྲུབ་དགོས་ཞེས་བསྟན་གནང་ཡོད།    ཞི་ཅིན་ཕིང་གིས། བོད་ཀྱི་ལས་དོན་ལེགས་པར་སྒྲུབ་པར། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་རྒྱག་དགོས། རྒྱུན་འཁྱོངས་ལྷོད་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱ་དགོས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དོ་ནན་དང་ལྟ་སྐྱོང་གཅིག་གྱུར་དང་། ལྕག་སྐུལ་དང་གཅུན་སྡོམ་གལ་ཆེ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། རིགས་ཁག་གི་ཤེས་ལྡན་མི་སྣ་བཅས་ཀྱིས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་དང་འགན་འཁུར་རྒྱུར་ཁྲིད་སྟོན་བྱེད་པ་དང་ཆབས་ཅིག གཅེས་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པ་དང་ཕུགས་ཀྱི་སེམས་ཁྲལ་སེལ་རོགས་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་ལག་ལེན་གཏིང་ཟབ་བསྟར་བའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དང་ཉམས་མྱོང་བེད་སྤྱོད་ཡག་པོ་བྱས་ཐོག། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་ལྡན་ཅན་དང་ཕུགས་ཕན་ཅན་གྱི་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་འབྱུང་ཁམས་ཧུར་ཐག་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།    བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ལས་དོན་སྙན་སེང་ཞུས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡན་ཅིན་ཧའེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཀརྨ་ཚེ་བརྟན་བཅས་སྙན་སེང་ཚོགས་འདུར་ཞུགས་ཡོད།    ཝང་ཧུའུ་ཉིང་དང་། ཚའེ་ཆི། ལི་ཀན་ཅེ། ཧོ་ལི་ཧྥེང་། ཀྲང་གོ་ཆིན། ཝང་ཞའོ་ཧུང་། བློ་བཟང་རྒྱལ་མཚན། ཧུའུ་ཁྲུན་ཧྭ། ཀྲང་ཧྲེང་མིན་བཅས་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཡོངས། བོད་རང་སྐྱོང་ལྗོངས་ཏང་སྲིད་དམག་གི་འགན་འཁུར་བློ་མཐུན་སོགས་སྙན་སེང་ཚོགས་འདུར་ཞུགས་ཡོད།


ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་། རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་བོད་ལྗོངས་སུ་ཁོང་ཚོར་མཇལ་འཕྲད་གནང་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།