༼ འཇོ་མདའ་པདྨ། ༽ 2025-12-10
ནང་སེམས་ཀུན་རྟོག་གི་རྦ་རླབས།།
འགོག་མེད་ཡར་ཡར་དུ་འཕྱུར་དུས།།
སྙན་དབྱངས་ངག་རིག་གི་མེ་ཏོག།
མི་ཡུལ་སྤང་ལྗོངས་ནས་འཐུ་འགྲོ།།
ལས་བཟང་སྤྲིན་དཀར་གྱི་འོག་ནས།།
རྟེན་མཆོག་མི་ལུས་འདི་ལོན་དུས།།
དགའ་བའི་དགོད་སྒྲ་དང་ལྷན་དུ།།
སྨྲ་བའི་ལྗགས་རྩལ་ཞིག་ངོམ་འགྲོ།།
བཅོས་མིན་ཚོར་ཤེས་ཀྱི་རླུང་བུ།།
གཡུ་མདོག་འཇིག་རྟེན་དུ་ལྡང་དུས།།
སྙན་འཇེབས་དབྱངས་རྟ་ཡི་ང་རོ།།
ཡིད་འོང་ནགས་མཐའ་ནས་སྒྲོག་འགྲོ།།
ནང་སེམས་འཇའ་གུར་གྱི་དབུས་ན།།
སྒྲ་དབྱངས་ལྷ་མོ་དེ་བཞུགས་དུས།།
དཔྱོད་ཤེས་རལ་གྲི་ཞིག་ཐོགས་ནས།།
ཚིག་གི་གཡུལ་ས་རུ་ཞུགས་འགྲོ།།
མི་ཚེའི་འགྲུལ་བཞུད་ཀྱི་ཁྲོད་ནས།།
གཞོན་ཆུང་སྣང་བ་འདི་དྭངས་དུས།།
རང་བྱུང་རི་ཐང་གི་བཀོད་པ།།
སྙན་མོའི་གཞས་ཆུང་ལ་འཐེན་འགྲོ།།
ཞུམ་མེད་བརྩོན་སེམས་ཀྱི་ཀློང་ནས།།
རྣམ་དཔྱོད་འདབ་ལག་དེ་རྒྱས་དུས།།
འཁོར་བའི་ཡུལ་ལུང་གི་གསང་བ།།
སྒྱུ་འཕྲུལ་ངག་སྒོ་ནས་འཆད་འགྲོ།།
རྩོམ་གསར། 10