༼ མེ་ཏོག་དབྱངས་ཅན། ༽ 2025-11-17
རྒྱུ་ཀུན་འབྱུང་གི་ས་བོན་མཐའ་མེད་རྟེན་འབྲེལ་ལ་བཏབ་ཅིང་།།
སྡུག་བདེན་པ་ཡི་ཁ་དོག་སྒྱུ་མའི་ཡུར་བ་རུ་དེད་པ།།
ནང་བག་ཆགས་ཀྱི་ཞེ་འདང་ཀུན་གཞིའི་བདེ་དྲོད་དུ་བརླན་པས།།
ལས་རྣམ་རྟོག་གི་འབྲས་བུ་ཁམས་གསུམ་ཞིང་ས་རུ་སྨིན་བྱུང་།།
སྔོན་བསོད་ནམས་ཀྱི་མེ་སྟག་མུན་པའི་གླིང་ག་རུ་མཆེད་ཅིང་།།
མདོག་མི་གཅིག་གི་འཇིག་རྟེན་མི་རྟག་རང་མཚང་དུ་གྲུབ་པ།།
བཟང་ངན་ངན་དང་འདྲ་བའི་སྒྱུ་མའི་རང་ངོ་དེ་རྟོགས་ཏེ།།
ལམ་རྣམ་བྱང་གི་ཉི་འོད་བདག་ལ་འཕྲོས་ཙམ་ཞིག་གནང་རོགས།།
ཞེ་སྣང་བ་འདི་རབ་རིབ་འཁོར་བའི་གཟེབ་དྲྭ་རུ་ཚུད་ཅིང་།།
ལས་སྣ་ཚོགས་ཀྱི་འགྱུ་བའི་སྐྱོ་སྨྲེང་བྱང་ཁོག་ལ་སྦས་ཀྱང་།།
སེམས་ལན་ཆགས་ཀྱི་དགའ་སྡུག་ངེས་མེད་རླུང་ནག་ལ་འགྲོགས་ཏེ།།
ཆོས་སྒྱུ་མ་འདིའི་ཆོ་འཕྲུལ་ཀྱེ་མ་སངས་ཐབས་རང་མི་འདུག།
གཞོན་ན་ཆུང་གི་སེམས་པ་ཤེལ་དཀར་གནམ་མཐིལ་གྱི་བྱ་ཁྱུང་།།
སྤྲིན་ཉི་ཟླ་ཡི་བར་ན་གཤོག་འགྱུར་ལན་གཅིག་ལ་བྱས་ཀྱང་།།
མདང་རྨི་ལམ་གྱི་ཞེན་པས་བདེན་འཛིན་རང་སྒྲོག་ཏུ་ཚུད་པས།།
སྙིང་བར་དོ་ཡི་འཕྲང་ནས་མགོན་མེད་ཞེ་རྩ་དེ་འདར་བྱུང་།།
ངས་བལྟས་པ་ཡི་མ་མཐོང་རྒྱང་རིང་རི་ཆུ་ཡིས་བཅད་ཅིང་།།
ཡིད་དྲན་པས་ཀྱང་མ་ཟིན་འཁོར་བའི་ཆོས་ཉིད་ནི་རྒྱ་ཆེ།།
ད་ཁེར་རྐྱང་གི་གདུང་བ་མདོག་མེད་ས་སྲོད་ལ་བཅོལ་ཏེ།།
དྲན་བྱང་ཁོག་དེ་སྒུལ་བའི་སེམས་ཀྱི་གཞས་ཆུང་ཞིག་ལེན་འདོད།།
ལར་ཐོག་མེད་ནས་འཚོལ་བའི་སྣང་ཤས་ཆུ་རིས་ཀྱི་གཉེར་མ།།
ས་རྒྱ་མཚོ་ཡི་གོས་སྟེང་མ་རྙེད་ཤ་ཁྲག་གི་ལུས་པོ།།
ནང་རྣམ་རྟོག་གི་མེ་ལྕེས་ཟད་མེད་འཁོར་རོགས་ཙམ་ཡིན་པས།།
འོད་འཛིན་མེད་ཀྱིས་བསྐྲུན་པའི་བདེ་ཆེན་ཞིང་ཁམས་ཤིག་གནང་རོགས།།
གཞི་འགྱུར་མེད་ཀྱི་ཆོས་ཉིད་དྭངས་གཙང་མཚོ་མཐའ་རུ་བསྐོས་པས།།
ལུས་ལྗོན་ཤིང་གི་ལོ་མ་མི་རྟག་འཐོར་རླུང་གིས་བདས་ཤིང་།།
སྟོན་ལང་ཚོ་ཡི་འབྲས་སྙེ་སྐྱ་མོ་བྱེ་ཐང་དུ་གཏོར་རྗེས།།
ཡིན་མདོག་མདོག་དང་འདྲ་བའི་གཞོན་པའི་སྣང་བ་དེ་བོར་སོང་།།
རྗེ་སངས་རྒྱས་ཀྱི་སྐུ་ཚབ་ས་སྟེང་བཞུགས་པ་རྣམས་གཤེགས་ཤུལ།།
ཕ་མེས་པོ་ཡི་སྐར་ཆེན་མི་སྡོད་རྒྱལ་ཁམས་དེ་འགྲིམ་པས།།
ང་མགོན་མེད་ཀྱི་བྱ་ཕྲུག་མཁའ་དབྱིངས་སྟོང་པ་ཡི་ངོས་སུ།།
ལག་སྤྲིན་དཀར་ལ་སྲིང་ཞོར་མིག་ཟུང་མཆི་མ་ཡིས་བརྣངས་སོང་།།
མཐོ་བྱ་རྒྱལ་གྱི་གནམ་འཕང་ཡར་ཤམ་རྩེ་མོ་ལ་ཐུག་ཅིང་།།
དམའ་མཚོ་མོ་ཡི་དར་སྣེ་མཐའ་མེད་ཆུ་གཏེར་ལ་ཐུག་པ།།
ང་ངང་མོ་ཡི་ལས་དབང་ཟད་མེད་སྡུག་བསྔལ་གྱི་གཉེར་རིས།།
སྙིང་ཡ་ཆུང་ལ་འཛུལ་བ་སྐྱབས་གཅིག་བླ་མ་ཡིས་གཟིགས་སམ།།
ལས་གང་ཡིན་གྱི་ལན་པ་ཕར་ཕར་ཚེ་སྔོན་གྱི་འབྲས་བུ།།
ཆོས་བསླུ་མེད་ཀྱི་བདེན་པ་ཚུར་ཚུར་ཡིད་ངོགས་སུ་སླེབས་པས།།
ས་འཇིག་རྟེན་གྱི་ཁམས་འདི་རང་བཞིན་རྣམ་རྟོག་གི་འབྲས་བུར།།
སེམས་མེ་ལོང་གི་ངོས་སུ་ལན་གཅིག་འཆར་བ་འདི་མཚར་རོ།།
རྩོམ་གསར། 10