༼ ཉག་ཕྲན། ༽ 2025-10-24
ཉི་འོད་ཀྱི་ཧམ་སེམས་ཀྱི་འོད་སྣང་གིས།
ལོ་རྒན་རྒས་འཁོགས་འདིའི་ཉམ་
ཐག་གི་ངོ་གདོང་ལ།
བསུབས་མི་ཐུབ་པའི་ལོ་ཟླ་ཡི་གཉེར་རིས་ཕབ།
ཞ་བོར་ཆགས་པའི་ལོ་རྒྱུས་ཀྱི་གཙང་བོ་འདིའང་།
གཡས་འཕག་གཡོན་འཕག་གིས་
འདུར་འདུར་ཀྱང་།
ཞེན་ཆགས་གང་ཞིག་གིས་ཡང་ཡང་བསྒུལ་ཏེ།
སྔར་བཞིན་རྩྭ་ཐང་ན་ལུས་འདུག
དེ་རིང་གི་ད་ལྟ།
ང་རང་ལ་འོད་སྣང་མེད་པ་ཉི་མ་མེད་པས་མིན།
ང་རང་ལ་འདུན་ལམ་མེད་པ་ཡོན་ཏན་
མེད་པས་མིན།
ང་རང་ལ་སྤྲོ་སྣང་མེད་པ་བརྩེ་དུང་མེད་པས་མིན།
ཉི་མ་མེད་ཀྱང་ང་ལ་ཟླ་བ་ཡོད། སྐར་མ་ཡོད།
གློག་སྒྲོན་ཞིག་ཀྱང་ཡོད།
ཡོན་ཏན་མེད་ཀྱང་ང་ལ་ཕུགས་བསམ་ཡོད།
ལ་རྒྱ་ཡོད། སྤོབས་པའང་ཡོད།
བརྩེ་དུང་མེད་ཀྱང་ང་ལ་འབྲི་དེབ་ཡོད།
སྨྱུ་གུ་ཡོད། སྙན་ངག་ཀྱང་ཡོད།
དེ་རིང་ནས་བཟུང་།
ངས་སྔར་བཞིན་རང་གི་ཚ་ལམ་ལམ་གྱི་
སྨྱུ་གུར་བསྟེན་ནས།
འཁྱམས་བསྐྱོད་ཐེབས་པའི་རྣམ་ཤེས་
འཁྱག་པོ་དག་ལ།
དྲོད་ཁོལ་རྒྱས་པའི་བླ་སྲོག་གསར་བ་གནང་ངེས།
སང་ཉིན། ཞོགས་པའི་ཉི་ཤར་དང་
ལྷན་དུ་ང་ཤི་འགྲོ་སྲིད་ལ།
སྐྱེ་བ་ཕྱི་མར། འབ་འབ་སྒྲོག་པའི་
སྒོ་ཁྱི་ཞིག་གི་རྣམ་ཤེས་ཡིན་ཡང་སྲིད་མོད།
མ་ཤི་བར་དུ། ངས་སྔར་བཞིན་སྙན་ངག་
འབྲི་དགོས།
མིག་ཟུང་གི་དབང་པོ་མ་ཉམས་བར་དུ།
ལག་ཟུང་གི་ཤེད་ཤུགས་མ་ཟད་བར་དུ།
འབྲི་དེབ་དང་སྨྱུ་གུ་ཚར་ཡང་།
ངས་སྔར་བཞིན་སྙན་ངག་འབྲི་དགོས།
ས་ཆེན་གྱི་སྤང་ངོས་ལ་ཟུང་ཁྲག་གིས་
སྙན་ངག་འབྲི་དགོས།
རྩོམ་གསར། 10