2026-03-11
སྒྲུང་དེབ་འདི་གྲོགས་པོ་རེ་འགས་ཡང་ཡང་འོས་སྦྱོར་བྱས་རྐྱེན་ཤིན་ཏུ་བཀླག་འདོད་སྐྱེས། དེབ་འདིར་འཇིགས་མེད་གྲགས་པའམ་བསྟན་པ་བློ་བཟང་ཞེས་པའི་མི་སྣ་དེའི་མི་ཚེའི་ཀྱག་ཀྱོག་གི་བཤུལ་ལམ་རིང་མོ་ནས་བརྒྱུད་པའི་མངར་སྐྱུར་ཁ་གསུམ་གྱི་གཏམ་རྒྱུད་དག་བརྗོད་བྱ་བྱས་ནས་བྲིས་འདུག། དེ་ཡང་བསྟན་པ་ལགས་ཀྱི་ཕ་མ་གཉིས་ཆུང་དུས་ནས་གྲོངས་ཤིང་། བརྟེན་ས་ཁེན་ས་རང་མེད་པས་ཆུང་དུས་ནས་གྲྭ་བཙུན་བྱས། འོན་ཀྱང་རིང་བོ་མ་འགོར་བར་ཁོ་རང་སྐྱ་སར་འབབ་དགོས་བྱུང་། འདོད་པ་བཙལ་ཡང་མ་རྙེད། མ་འདོད་པ་མ་བཙལ་ཡང་ཐོག་ཏུ་འབབ་ཅེས་པ་ལྟར། ཁོའི་ལག་ཉེས་ལས་མི་ཞིག་རྐྱེན་ལམ་དུ་ཤོར་རྐྱེན། ལྷ་ས་ནས་སྣ་དཀར་རྩེར་བྲོས་ཏེ་ཨ་ཞང་ཞིག་ཡོད་པའི་འཁྲིས་སུ་འཇིག་རྟེན་པའི་འཚོ་བ་བསྐྱལ། རྗེས་སུ་སྟེས་དབང་གི་གོ་སྐབས་ཤིག་གིས་ལྷ་མཛེས་ཞེས་པའི་སྐུ་དྲག་གི་བུ་མོ་ཞིག་ངོ་ཤེས་ཤིང་། ཕན་ཚུན་གྱི་བློར་ཤིན་ཏུ་བབས་ཏེ། ཚིག་སྙན་མོའི་མགོ་རྐང་བསྒྲིགས། ཞེ་སྣང་བའི་དར་སྐུད་ཐེན། འོན་ཀྱང་མི་ཚེ་གཅིག་ལ་སྐྱིད་སྡུག་གསུམ། དཔྱིད་ཉི་རིང་པོར་དྲོ་གྲང་གསུམ་ཞེས་པའི་དཔེ་ལྟར། ཁོ་གཉིས་ཀྱིས་བརྩེ་དུང་ལ་བར་ཆད་དང་དཀའ་སྡུག་གང་མང་བྱུང་། པདྨ་ལྷ་མཛེས་ཀྱི་ཕ་མ་གཉིས་ཀས་མོ་རང་སྐུ་དྲག་གི་སྲས་ཤིག་ལ་སྦྱིན་རྒྱུར་ཐག་བཅད་པས། ཁོ་གཉིས་ཀས་རང་ཡུལ་བསྐྱུར་ནས་གཞན་ཡུལ་པང་དུ་བླངས་ཏེ་གཉེན་བྱོལ་ལ་མི་འགྲོ་ག་མེད་བྱུང་། གཞན་ཡང་། བསྟན་པར་ཉེས་མེད་ཉེས་འགེལ་བྱས་ཏེ་བཙོན་བཅུག་བྱས་པ་དང་ལྷ་མཛེས་ཇོ་མོ་བྱ་རྩིས་བྱས་པ། བསྟན་པ་ཆུ་ཁུར་ནས་དྲན་པ་ཉམས་པ་སོགས་རྐྱེན་ངན་རབ་དང་རིམ་པ་བརྒྱུད་རྗེས། ད་གཟོད་ཁོ་གཉིས་ཀྱིས་ལག་ཟུང་དམ་དུ་འཆིང་ཐུབ་པར་བྱུང་། སྒྲུང་གི་ཐོག་མཐའ་བར་གསུམ་དུ་ཁོ་གཉིས་ཀྱིས་ཕན་ཚུན་ལ་ཕྱི་ཐག་དང་ཁྲེལ་གཞུང་། དྭངས་གཙང་སོགས་ནན་མོར་བསྲུངས་ཤིང་། བསྟན་པ་ནི་སྔ་གཞུག་ཀུན་ཏུ་བྱམས་སྙིང་རྗེ་ཆེ་བ། ལས་ལ་བརྩོན་པ། དཀྱེལ་ཡངས་པ། གཞན་ལ་བསམ་ཤེས་ཐུབ་པ། བརྩེ་དུང་ལ་ཡང་ཕྱི་ཐག་སྲུང་མཁན་ཞིག་ཏུ་འདུག།
ཡིན་ཡང་ངས་སྒྲུང་དེབ་འདི་འོས་སྦྱོར་བྱ་དོན་ནི། བློས་བསླངས་བྱས་པའི་བརྗོད་བྱའི་བསླུ་བྲིད་རང་བཞིན་དང་། མི་སྣའི་སྣང་བརྙན་བཞེངས་བསྐྲུན་སོགས་ཁོ་ན་མིན་པར། སྒྲུང་དེབ་འདིར་སྣ་དཀར་རྩེའི་ཕྱོགས་ཀྱི་ཡུལ་མི་དག་གིས་གོས་གྱོན་ལུགས་དང་རྒྱན་འདོགས་སྟངས། ལོ་སར་རོལ་སྟངས། གཉེན་སྟོན་བྱ་སྟངས། རོགས་ཐུག་རྒྱག་སྟངས་སོགས་ཀྱི་ཡུལ་སྲོལ་གོམས་གཤིས་མང་པོ་ཞིག་བྲིས་ཡོད་པ་ལས། བརྡ་ཆད་སོགས་ཀྱང་མང་པོ་ཞིག་བཤུ་རྒྱུ་བྱུང་བས་ཡིན། སྒྲུང་གི་བྱུང་རིམ་ལ་བརྡབ་གསིག་ཐེབས་ཐེངས་རེར་ང་ལ་བྲེལ་འཚུབ་ཀྱིས་བཅུན་ཅིང་། ཆགས་སྡང་གིས་མནར་ཐེངས་མང་བོ་བྱུང་། སྒྲུང་ཀློག་པར་དགའ་བའི་མི་དག་ལ་ཆེད་དུ་འོས་སྦྱོར་བྱས་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10