2025-06-16
དཔེ་ཀློག་ནི་ཉི་འོད་དྲོན་པོ་ཞིག་དང་འདྲ་བས། ཁྱེད་ཀྱིས་དཔེ་ཀློག་གི་ཉི་འོད་དྲོན་པོ་འདི་ལོངས་སུ་སྤྱད་ཤེས་ན་ད་གཟོད་ཁྱེད་ཀྱི་མི་ཚེའི་འདུན་མ་ལ་འོད་སྟོང་གི་དྲོད་ཁོལ་འཛོམས་ཤིང་ཕུགས་བསམ་འཚོལ་སྙེག་གི་མདུན་ལམ་ཡངས་པོ་རུ་རིན་བྲལ་གྱི་ཟེར་མདངས་འཕྲོ་སྲིད། དེ་བས་དཔེ་ཀློག་ནི་ཕུགས་བསམ་དང་ལྡན་པའི་མི་ཞིག་ཡིན་ནས་བཟུང་ཁ་འབྲལ་ཐབས་མེད་པའི་གནད་ཀྱི་དམ་པ་དེ་ཅི་ལ་མིན། སྐུ་ཚེ་ཐོས་བསམ་གྱིས་བསྐྱལ་བའི་སྔོན་བྱོན་མེས་པོ་གོང་མ་ཚོ་དང་འཛམ་གླིང་ཡུལ་གྲུ་ཁག་གི་སྐྱེས་ཆེན་སོགས། སུ་དང་གང་ཞིག་ཡིན་རུང་དཔེ་ཀློག་ཐོས་བསམ་གྱི་མདུན་ལམ་བརྒྱུད་ནས་ཤེས་རབ་འོད་ཀྱིས་ཐུགས་རྒྱུད་གསལ་སོང་བ་ཡིན་པས། དཔེ་ཀློག་གིས་མི་ཞིག་གི་རྒྱུད་ཀྱི་ཤེས་རབ་རྒྱ་སྐྱེད་ཐུབ་ལ། བླ་ན་མེད་པའི་མི་ཚེའི་རིན་ཐང་ཡང་རྙེད་སྲིད། ད་ལོའི་འཛམ་གླིང་དཔེ་ཀློག་གི་ཉིན་མོ་ནས་འགོ་བརྩམས་ཏེ་ངེད་ཁམས་ཀྱི་ཚགས་པར་ཁང་གི་འཕྲིན་སྟེགས་འདི་ག་ནས་གཟའ་འཁོར་རེ་རེར་རྩོམ་རིག་སྒྱུ་རྩལ་གྱི་ལམ་ཁ་ལ་ཕྱོགས་བཞིན་པའི་རྩོམ་པ་པོ་དག་གི་རང་ཉིད་ཀྱིས་དཔེ་ཆ་གང་ཞིག་བཀླགས་པའི་མྱོང་ཚོར་དག་མུ་འགོད་བྱེད་བཞིན་ཡོད་ལ། འདིས་ཕ་སྐད་མ་ཡིག་གི་གསར་རྩོམ་ལ་འཇུག་བཞིན་པའི་རྩོམ་པ་པོ་དཔུང་སྡེ་གསར་པ་གསོ་སྐྱོང་ལ་རམ་འདེགས་ཤིག་ཨེ་འཁྱོང་གི་འདུན་པ་དང་ལྡན་པའོ།།
༼རྩོམ་སྒྲིག་པས་ཕུལ།༽
《བར་དོའི་ཐོས་གྲོལ་ཆེན་མོ》བཀླགས་བྱང་།
༼རོལ་སྐུད།༽
ཅོག་རོ་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་རྣམ་འཕྲུལ་གཏེར་སྟོན་ཀརྨ་གླིང་པ་སྟེ། དྭགས་པོའི་ཡུལ་གྱི་སྟོད་ཁྱེར་གྲུབ་ཅེས་པར་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་སྲས་ཆེ་ཤོས་སུ་འཁྲུངས། རྟེན་སྔགས་འཆང༌། ཡོན་ཏན་དཔག་ཏུ་མེད་པ་མངའ་ཞིང་མངོན་ཤེས་དང་ཕྲིན་ལས་གང་ལའང་ཐོགས་པ་མེད་པའི་བདག་ཉིད་དུ་བཞུགས། དགུང་ལོ་བཅོ་ལྔ་པར་ལུང་བསྟན་དང་རྟེན་འབྲེལ་འཛོམས་ནས་སྒམ་པོ་གདར་གྱི་རི་ལྷ་བྲན་གར་བྱེད་པ་འདྲ་བ་ནས་ཞི་ཁྲོ་དགོངས་པ་རང་གྲོལ་དང་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་སོགས་ཀྱི་གཏེར་བཏོན། ཆོས་བདག་བུ་ཆེན་བཅུ་བཞི་ལ་པདྨ་ཞི་ཁྲོའི་ཆོས་སྐོར་ཚང་བར་གནང༌། དགོངས་པ་རང་གྲོལ་ཆོས་སྐོར་རྣམས་སྲས་ཉི་ཟླ་ཆོས་རྗེ་ཁོ་ན་ལ་གནང་ནས་བརྒྱུད་པ་གསུམ་གྱི་བར་དུ་གཅིག་བརྒྱུད་བཀའ་རྒྱས་བཏབ། ལུང་ནས་བསྟན་པའི་གཟུངས་མ་དང་རྟེན་འབྲེལ་མ་འགྲིགས་པས་ཞིང་ཁམས་གཞན་དུ་གཤེགས་སོ།། ཞི་ཁྲོ་དགོངས་པ་རང་གྲོལ་ནི་བརྒྱུད་པ་གསུམ་པ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ནས་རྒྱ་ཆེར་འཕེལ་ཏེ་དབུས་གཙང་ཁམས་གསུམ་དང་ཁྱད་པར་མདོ་ཁམས་ལྷོ་བྱང་ཀུན་ཏུ་དབང་ལུང་ཁྲིད་རྒྱུན་སྟོང་མཆོད་ལ་སོགས་པའི་ཕྲིན་ལས་ད་ལྟའི་བར་དར་རྒྱས་སུ་བཞུགས།
མི་ཞིག་སྐྱེས་པ་ནས་འཆི་བའི་ཕྱོགས་སུ་གོམས་པ་གཅིག་རེ་སྤོས་ཏེ་འགྲོ་བཞིན་ཡོད་པ་ཧ་གོ་དགོས་ཤིང་། དེ་ལས་ཀྱང་འཆི་ཚེ་དགེ་སྡིག་དང་། རྒྱུ་འབྲས་ཀྱི་མེ་ལོང་ཆེན་པོར་ལས་ཀྱི་བསག་འབྲས་ཆོས་ཉིད་ཀྱིས་ལྡོག་མེད་དུ་འཆར་འོང་བར་ནམ་ཡང་བསམ་དགོས། ང་ཚོའི་འཇིག་རྟེན་བདེ་སྐྱིད་གཅིག་པུ་ཐོབ་པར་རེ་ནས་ནམ་ཞིག་རང་ལ་འཆི་བ་ཟེར་བའི་འཇིགས་ཡེར་བ་དེའི་ངོ་གདོང་བསྟན་ཚེ། གཞི་ནས་མི་ཚེ་སྙིང་པོ་མེད་པར་རློམས་པ་དང་། དངངས་སྐྲག་གིས་ཡི་མུག་པ་སོགས་མདོར་ན་ཚེ་སྲོག་གི་ལྟ་བ་ལ་བརྩི་བཀུར་མི་བྱེད་པའི་གནས་ཚུལ་བྱུང་བཞིན་པ་རེད། དེས་ན་བྱ་བ་གང་བྱུང་ཡང་གདོང་ལེན་ཐུབ་པའི་ཐབས་ཤེས་ཤིག་འཛོམས་ན་ཕོ་རབས་དང་། མ་མཛངས་ཟེར་བས། འཆི་བར་ཡང་སྡུག་བསྔལ་ལམ་ཁྱེར་ནས་མགོ་བརྩམས་སྟེ་གྲ་བསྒྲིགས་བྱེད་དགོས་པ་ལས། གཟུར་ས་ཞིག་འཚོལ་ཏེ་བགྲོད་ཆོག་པ་བཀའ་མདོ་རྒྱུད་གསུང་རབ་གང་དུ་ཡང་མེད་པ་རེད། དེ་བས་བར་དོའི་ཐོས་གྲོལ་ཆེན་མོ་འདིར་མཚོན་ན། འཆི་ཁ་སྣང་ཚུལ་དང་གནས་ཚུལ། འཆི་བའི་སྐབས་ཇི་ལྟར་གདོང་ལེན་ཚུལ། རང་ཉིད་གཅིག་པུར་ལས་ཀྱིས་དེད་དེ་བྱ་སྒྲོ་རླུང་གིས་སྤུར་བ་ལྟ་བུར་གྱུར་པ་ན་དངངས་སྐྲག་མི་དགོས་པར་ཡེ་ཤེས་རང་སྣང་གི་ངོ་སྤྲོད། མདོར་ན་སེམས་བདེ་གྱི་ལེ་བར་བསྡད་དེ་གདམ་ངག་ཇི་བཞིན་དུ་ངོ་ཤེས་ན་བར་སྲིད་དུ་གྲོལ། ཆོས་ཉིད་བར་དོ་ངོ་ཤེས། སྲིད་པ་བར་དོའི་མངལ་སྒོ་ཁེགས། འཁོར་བར་རུ་ལོགས་ཏེ་སངས་རྒྱ་བའི་གདམ་པ་ཁྱད་པར་ཅན་ཡིན་པ་དང་། ལྷག་ཏུ་ཡང་འདི་ལྟ་བུའི་ད་ལྟའི་དུས་སུ་ཤིན་ཏུ་ལྟ་དགོས་ཤིང་། མོས་གུས་རེ་སྐྱེས་པ་ཙམ་ནས་ཀྱང་དགེ་བའི་སྙིང་པོ་གཞན་ལས་ཁྱད་པར་དུ་འཕགས་པའི་གནས་ཁྱད་པར་ཅན་ཞིག་ཡིན་པ་གོར་མ་ཆགས།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10