དཀར་མཛེས་རྫོང་ལ་ཁུལ་མི་དམངས་འཐུས་ཚོགས་ཀྱི་བརྟག་ཞིབ་ཚོ་ཆུང་འབྱོར།

        2025-06-16

   སྤྱི་ཟླ6ཚེས10ནས་ཚེས11ཉིན་བར། ཁུལ་མི་དམངས་འཐུས་ཚོགས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཁྲེང་ལི་ཕིང་གིས་བརྟག་ཞིབ་ཚོ་ཆུང་ཁྲིད་དེ་དཀར་མཛེས་རྫོང་དུ་ཚགས་དམ་ཅན་གྱི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་བྱས་པ་རེད།  

   བརྟག་ཞིབ་ཚོ་ཆུང་གི་མི་སྣ་ཚོ་སྔ་ཕྱིར་དཀར་མཛེས་རྫོང་མི་དམངས་སྨན་ཁང་དང་ལྷོ་པ་ཡུལ་ཤོག་གི་ལྟེ་བའི་འཕྲོད་བསྟེན་ཁང་དུ་ཕྱིན་ནས་སྨན་བཅོས་སྒྲིག་བཀོད་དང་ཆ་འཕྲིན་ཅན་འཛུགས་སྐྱོང་། རིམ་དབྱེའི་ནད་བརྟག་སྨན་བཅོས་ལག་ལེན་བསྟར་ཚུལ། དེ་བཞིན་སྨན་ཁང་ནང་ཁུལ་གྱི་ཐོན་ཁུངས་བསྡུ་སྒྲིལ་དང་རོགས་ལས་ལམ་སྲོལ་སོགས་ཀྱི་གནས་ཚུལ་དང་། ཚགས་དམ་ཅན་གྱི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་གི་བརྒྱུད་རིམ་ནང་དུ་རྩ་འཛུགས་དོ་དམ་དང་མ་འཇོག་འགན་སྲུང་། མི་དོན་སྒྲིག་ཁོངས། གླ་ཕོགས་ཐོབ་ཐང་སོགས་ཀྱི་ཐད་འཕྲད་པའི་གནད་དོན་གཙོ་བོ་ཁག་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཤིང་གྲོས་འགོ་ཡང་བཏོན་པ་རེད།

   བཞུགས་མོལ་ཚོགས་འདུར། རྫོང་སྨན་བཅོས་སྒྲིག་གཞིའི་འགན་འཁུར་བས་སྨན་བཅོས་སྒྲིག་གཞི་འཛུགས་སྐྱོང་གི་འཕེལ་རིམ་གནས་ཚུལ་སྙན་སེང་ཞུས་པ་དང་ཆབས་ཅིག་ད་སྔའི་སྨན་བཅོས་སྒྲིག་གཞི་འཛུགས་སྐྱོང་ཁྲོད་དུ་གནས་པའི་དཀའ་ངལ་དང་གནད་དོན་ཡང་བཏོན་པ་རེད། འབྲེལ་ཡོད་སྙན་སེང་ལ་ཉན་རྗེས། བརྟག་ཞིབ་ཚོ་ཆུང་གིས་ཚགས་དམ་ཅན་གྱི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ནི་རྙོག་འཛིང་ཆེ་ལ་རྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་ལ། ཡུན་རིང་པོར་བྱས་རྗེས་འཇོག་པའི་དམངས་འཚོའི་འདུ་འགོད་ཅིག་ཀྱང་ཡིན། 

   དཀར་མཛེས་རྫོང་གིས་ཆབ་སྲིད་ཀྱི་ཚུགས་གནས་སྤར་བ་དང་། འཛུགས་སྐྱོང་གི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་རང་འགན་རང་འཁུར་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། བསམ་གཞིག་གཏིང་ཟབ་དང་མཉམ་དུ་འབད་བརྩོན་བྱ་དགོས་པར་མ་ཟད། ཕྱོགས་བསྡུས་ཇུས་འདོན་བྱས་ནས་དུས་རབས་གསར་པའི་ཏང་གི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་བྱེད་ཕྱོགས་དོན་འཁྱོལ་ཡག་པོ་བྱས་ཤིང་། མི་དམངས་ཀྱི་བདེ་ཐང་གཙོ་བོར་འཛིན་པ་དང་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤྱི་ཕན་རང་བཞིན་མཐའ་འཁྱོངས་ཤིང་། གོང་རིམ་སྡེ་ཚན་གྱི་འབྲེལ་ཡོད་མཛུབ་སྟོན་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་ནས་དམིགས་འབེན་ཁ་གསལ་དང་ཚད་དཔོག་གནད་ལ་འཁེལ་བ་བྱས་ཏེ་མང་ཚོགས་ལ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་སྤུས་ལེགས་ནུས་ཆེ་མཁོ་འདོན་བྱ་དགོས་པའི་བླང་བྱ་བཏོན།    ཁུལ་མི་དམངས་འཐུས་ཚོགས་བརྟག་ཞིབ་ཚོ་ཆུང་གི་ཁོངས་མི་དང་། རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྫོང་ཨུ་རྩ་འཛུགས་པུའུ་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་དེ་བཞིན་སྨན་བཅོས་ཚན་ཁག་གི་ཚོགས་མིའི་ཁྲོད་ཀྱི་གཞི་རིམ་འཐུས་མི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།། 


གསར་འགོད་པ། བློ་བཟང་དོན་འགྲུབ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་སྡེ་ཚན་མང་པོས་མཐོ་རྒྱུགས་ལ་འགན་སྲུང་འདི་འདྲ་བྱས།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱི་སློབ་མ13319འབྲིང་རྒྱུགས་ལ་ཞུགས།
  • དོ་སྣང་ཆེ་བའི་རྩོམ།