རིག་བསྟན་གྱིས་བྲིས། 2025-05-20
༥ ནང་དོན་རིག་པ། དེ་ཡང་ནང་དོན་རིག་པ་ནི་གཙོ་བོ་ནང་གི་སེམས་ཀྱི་དེ་དོན་ཁོ་ན་ཉིད་རྟོགས་ཐབས་གཙོ་བོ་ཡིན། དེ་ལ་དབྱེ་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡོད་པ་དེ་རྣམས་ཚུར་བསྡུས་ན་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ནང་དུ་འདུས། དེ་ཡང་ཚུར་བསྡུས་ན་སྡེ་སྣོད་གསུམ་གྱི་ནང་དུ་འདུས་པ་ཡིན། དེ་ཡང་སྡེ་སྣོད་གསུམ་ནི་འདུལ་བའི་སྡེ་སྣོད་དང་། མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད་བཅས་ཡིན་ལ། འདུལ་བའི་སྡེ་སྣོད་ཀྱི་བརྗོད་བྱ་ནི་ཚུལ་ཁྲིམས་ཀྱི་བསླབ་བྱ་གཙོ་བོར་སྟོན་པ་སྟེ། ལྟ་སྒོམ་སྤྱོད་གསུམ་ལ་སྦྱར་ན་སྤྱོད་པ་གཙོ་བོར་སྟོན་པའི་གཞུང་ཡིན། མདོ་སྡེའི་སྡེ་སྣོད་ཀྱི་བརྗོད་བྱ་ནི་ཏིང་ངེ་འཛིན་གྱི་བསླབ་བྱ་གཙོ་བོར་སྟོན་པ་སྟེ། ལྟ་སྒོམ་སྤྱོད་གསུམ་ལ་སྦྱར་ན་སྒོམ་པ་གཙོ་བོར་སྟོན་པའི་གཞུང་ཡིན། མངོན་པའི་སྡེ་སྣོད་ཀྱི་བརྗོད་བྱ་ནི་ཤེས་རབ་ཀྱི་བསླབ་བྱ་གཙོ་བོར་སྟོན་པ་སྟེ། ལྟ་སྒོམ་སྤྱོད་གསུམ་ལ་སྦྱར་ན་ལྟ་བ་གཙོ་བོར་སྟོན་པའི་གཞུང་ཡིན། དེས་ན་སྡེ་སྣོད་གསུམ་ནི་རྗོད་བྱེད་ཀྱི་གཞུང་ལུགས་ཡིན་ལ་བསླབ་པ་གསུམ་ནི་སྡེ་སྣོད་གསུམ་གྱི་བརྗོད་བྱའི་དོན་ཡིན་ནོ། །
གཉིས་པ། རིག་གནས་ཆུང་བ་ལྔ་ལ་རོབ་ཙམ་དཔྱད་པ།
༡ སྡེབ་སྦྱོར་རིག་པ། དེ་ཡང་སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས་ཞེས་གསུངས་པ་ལྟར། མཁས་པ་རྣམས་ཀྱིས་བསྟན་བཅོས་རྩོམ་པ་ལ་འཇུག་པ་ཡིན་ན། ཐོག་མར་བརྗོད་བྱ་གང་དང་གང་སྟོན་པར་འདོད་པའི་དོན་རྣམས་རྗོད་བྱེད་ཚིགས་སུ་བཅད་པའི་ངག་གི་ཕྲེང་བ་སྤེལ་བ་ལ་ཆེས་ཉེ་བར་མཁོ་བ་ནི་སྡེབ་སྦྱོར་གྱི་རིག་པ་འདི་ཉིད་ཡིན་ཏེ། ཆོས་རྗེ་ས་པཎ་གྱིས་མཛད་པའི་སྡེབ་སྦྱོར་མེ་ཏོག་ཆུན་པོ་ལས། རང་གིས་བརྗོད་པ་བདེ་ཞིང་གཞན་གྱིས་རྟོགས་པར་སླ་བ་ལ་གཉིས་ཀའི་རྣ་བར་སྙན་པ་ཞིག་སྡེབ་སྦྱོར་གྱི་གཙུག་ལག་ཤེས་ན་འབྱུང་ཞེས་གསུངས་པ་ལྟར་ཡིན། ཇི་སྐད་དུ། དེ་འདྲའི་སྡེབ་སྦྱོར་ལེགས་རྟོགས་ནས། །ཚིགས་བཅད་རྣམས་ལ་འཇུག་པ་ཡིན། །འདི་ལ་རྒྱན་གཞན་སྦྱོར་ཤེས་ན། །མཁས་པ་རྣམས་ཀྱི་ཡིད་འཕྲོག་བྱེད། །ཅེས་དང་། ཡང་དཔེར་ན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་གི་དགེ་རྒན་ཆེན་པོ་དཔའ་རིས་སངས་རྒྱས་ལགས་ཀྱིས་མཛད་པའི་སྡེབ་སྦྱོར་རིག་པའི་སྲོལ་འབྱེད་དབྱངས་ཅན་ངག་གི་རོལ་མཚོ་ཞེས་པ་ཞིག་བརྩམས་ཡོད་ཀྱང་དཔེ་ཆ་དེའི་ནང་གི་ལྡེབ་མ་གཅིག་ནས་ཉེར་གཉིས་བར་གྱི་དཔེར་བརྗོད་ཐམས་ཅད་ལེགས་སྦྱར་གྱི་དཔེར་བརྗོད་རྣམས་བཀོལ་སྤྱོད་བྱས་ཡོད་པར་མ་ཟད། དཔེར་བརྗོད་གཞན་ཚང་མའི་ནང་དུའང་ལེགས་སྦྱར་གྱི་ཡི་གེ་ལྕི་ཡང་གི་རྣམ་གཞག་དུ་མ་ཞིག་བཤད་ཡོད་པ་ཡིན་ནོ། །
སྔོན་ཆད་བོད་ཡིག་ཁོ་ནའི་སྡེབ་སྦྱོར་ལ་ས་པཎ་གྱིས་མཛད་པའི་དག་ཡིག་གི་རྩ་བ༼དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ༽ཙམ་མ་གཏོགས་མེད་ལ། ལེགས་སྦྱར་གྱི་དཔེར་བརྗོད་གཏན་ནས་མ་འདྲེས་པའི་བོད་ཡིག་ཁོ་ནའི་བརྩམས་པའི་སྡེབ་སྦྱོར་གྱི་རིག་གཞུང་ལ་འགྲེལ་བ་ཆ་ཚང་ཞིག་ཁོ་བོས་བརྩམས་པའི༼གངས་ཅན་པའི་སྡེབ་སྦྱོར་རིག་པ༽ཞེས་པའི་རིག་གཞུང་འདི་ཙམ་མ་གཏོགས་མིག་སྔར་རྒྱལ་ཕྱི་ནང་གཉིས་ན་མཐོང་རྒྱུ་དཀོན་པོ་ལྟ་བུ་ཞིག་ཏུ་གྱུར་ཡོད། དཔེ་ཆ་འདི་ནི་སྤྱི་ལོ༢༠༡༤ལོའི་ཟླ་བ་དང་པོའི་ནང་དུ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པ་ཡིན་ནོ། །
༢ སྙན་ངག་རིག་པ། སྙན་ངག་ནི་གཙོ་བོ་མེ་ལོང་མའི་གཞུང་ལྟར་སློབ་སྦྱོང་བྱེད་དགོས། སྙན་གཞུང་དེ་ལ་ལེའུ་གསུམ་ཡོད། ལེའུ་དང་པོའི་ས་བཅད་དང་པོ་ལ་སྙན་ངག་གི་སྔོན་འགྲོ། ས་བཅད་གཉིས་པ་ལ་སྙན་ངག་གི་ལུས་སྲོག་རྒྱན་གསུམ་བཅས་བཤད། ས་བཅད་གསུམ་པ་ལ་སྙན་ངག་གི་ཐུན་མོང་མ་ཡིན་པའི་རྒྱན་བཅུ་སོགས་བཤད་པའོ། །ལེའུ་གཉིས་པ་ལ་དོན་རྒྱན་སོ་ལྔ་དང་། ལེའུ་གསུམ་པའི་སྒྲ་རྒྱན་ལ་བྱ་དཀའ་བ་དང་བྱ་སླ་བ་གཉིས་ཀྱི་རྒྱན། གབ་ཚིག་གི་རྒྱན་བཅུ་དྲུག་སོགས་བཤད་ཡོད་པ་ཡིན་ནོ། །
ཡང་རང་མོས་སྙན་ངག་ནི། སྙན་ངག་སྦྱངས་པའི་བྱས་རྗེས་ལ་ཆ་མཚོན་ནས་བཤད་ན་གླིང་རྗེ་གེ་སར་གྱི་སྒྲུང་ལྟ་བུ་གཅིག་ལ་ཆ་མཚོན་ན་འཛམ་གླིང་སྟེང་གི་ཆེས་རིང་བའི་གནའ་སྒྲུང་གི་གྲས་སུ་ཚུད་ཡོད་པས་མ་ཚད། དམངས་ཁྲོད་ཀྱི་བོད་རིགས་ཀྱི་གླུ་བྲོ་ལ་ཆ་མཚོན་ན་མི་མཁས་པ་མང་པོ་ཞིག་གིས་ལོ་དུ་མ་ལ་བྲིས་ཀྱང་འབྲི་མི་ཚར་བའི་རིག་གནས་བརྗོད་ཀྱིས་མི་ལང་བའི་སྙན་ངག་གི་རྒྱན་སོགས་ཡོད་པ་ལྟ་བུའོ། །
༣ མངོན་བརྗོད་རིག་པ། སྤྱིར་མིང་བཏགས་སྟངས་ལ་འདོད་རྒྱལ་དང་རྗེས་གྲུབ་ཅེས་མིང་གི་དབྱེ་བ་ཆེན་པོ་གཉིས་ཡོད་ཅིང་། དེ་ལ་ནང་གསེས་ཀྱིས་དབྱེ་ན་མིང་བཏགས་སྟངས་ལ་དབྱེ་བ་བཅོ་བརྒྱད་ལྷག་ཙམ་ཡོད་ཅིང་། དེའི་ནང་གི་རྩ་བའི་མིང་ལ་དབྱེ་ན་དངོས་མིང་དང་བཏགས་མིང་གཉིས་ཡོད། མངོན་བརྗོད་ལ་དབྱེ་ན་མིང་གི་མངོན་བརྗོད་དང་གྲངས་ཀྱི་མངོན་བརྗོད་གཉིས་ཡོད། མངོན་བརྗོད་ཀྱི་རྩ་བ་དཔེར་ན་ས་པཎ་གྱི་ཚིག་གཏེར་ནི་ལེགས་སྦྱར་གྱི་སྐད་མང་བས་བདག་ལྟ་བུའི་འདོན་ཙམ་ཡང་མི་ཤེས། རིན་སྤུངས་པའི་མཁས་པའི་རྣ་རྒྱན་ནི་འདོན་ཙམ་ཤེས་ཀྱང་དོན་འགྲེལ་རྒྱག་མི་ཤེས། དེ་ལས་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ལ་བོད་ཡིག་རྐྱང་རྐྱང་གི་རྩ་འགྲེལ་ནི་ཤིན་ཏུ་དཀོན། སྤྱིར་རྒྱ་མཚོའི་ཆུ་ཐིགས་ཀྱི་རྩ་བ་འདོན་ཤེས་ཀྱང་འགྲེལ་བཤད་རྒྱག་དཀའ་བས། ཁོ་བོས་མངོན་བརྗོད་རིག་པ་ཞེས་པ་ཞིག་སྤྱི་ལོ༡༩༨༧ལོར་བརྩམས་ནས་སྤྱི་ལོ༡༩༩༠ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས་ནས་རྔ་བ་བོད་རིགས་རང་སྐྱོང་ཁུལ་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱི་དགེ་འོས་སློབ་གྲྭ་བཞིའི་གནས་སྐབས་སློབ་དེབ་བྱས། རྗེས་སུ་དེའི་ནང་དུ་ཚིག་དོན་ལ་ཁ་སྣོན་ཅུང་ཟད་བྱས་ནས༼མངོན་བརྗོད་ལ་འཇུག་པའི་སྒོ༽ཞེས་པ་ཞིག་སྤྱི་ལོ༢༠༠༨ལོའི་ཟླ༣པའི་ནང་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས་ནས་སློབ་གྲྭ་ཆེ་འབྲིང་མང་པོ་ཞིག་གིས་སློབ་དེབ་བྱས་ཡོད། མངོན་བརྗོད་ལ་བོད་ཡིག་ཁོ་ནའི་འགྲེལ་བ་ཆེས་ཐོག་མ་དེ་འདི་རེད་ཅེས་བོད་ཀྱི་མཁས་པ་ཚོས་གདེང་འཇོག་ཐོབ། རྗེས་སུ་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ཀྱི་འགྲེལ་བ་གཞིས་ཀ་རྩེའི་སློབ་འབྲིང་གི་དགེ་རྒན་ཚོས་བསྒྲིགས་པ་ཞིག་དང་། མཁས་པ་ནོར་བུ་དགྲ་འདུལ་དང་ཚེ་རིང་རྣམ་རྒྱལ་གཉིས་ཀྱིས་བསྒྲིགས་པ་གཅིག །མཁས་པ་འཇམ་དབྱངས་སྐྱབས་ཀྱིས་མཆན་འགྲེལ་སོགས་འགྲེལ་བ་མང་པོ་ཞིག་བརྩམས་ཡོད་པ་ཡིན་ནོ། །འོ་ན་སྔོན་བྱོན་མཁས་པ་སི་ཏུ་པཎ་ཆེན་སོགས་མང་པོ་ཞིག་གིས་མངོན་བརྗོད་ལ་འགྲེལ་བ་དུ་མ་ཞིག་བརྩམས་ཡོད་ཀྱང་དེ་དག་བོད་ཀྱི་འགྲེལ་བཤད་མ་རེད་དམ་ཅེ་ན། དེ་དག་ནི་བོད་ཡིག་ཁོ་ནའི་འགྲེལ་བཤད་མ་རེད་ཁོང་རྣམ་པས་འགྲེལ་བ་མཛད་པ་ཕལ་ཆེར་ལེགས་སྦྱར་གྱི་སྐད་དང་འདྲེས་ཆེ་བས་བདག་དང་བདག་ལྟ་བུས་གོ་བ་ལོན་ཐུབ་པར་ཤིན་ཏུ་དཀའ་བའི་གནས་སུ་གྱུར་ཏོ། །
༤ སྐར་རྩིས་རིག་པ། དེ་ཡང་ཕྱིའི་ཡུལ་རང་བྱུང་ཁམས་ཀྱི་ཉི་མ་ཟླ་བ་སོགས་རྒྱུ་སྐར་གྱི་འཁོར་འགྲོས་ངེས་ཅན་ལ་བརྟེན་ནས་ས་ཡི་གོ་ལའི་ཐོག་ནམ་དུས་མི་འདྲ་བ་དང་། གནམ་གཤིས་ཀྱི་འགྱུར་ལྡོག་སོགས་ཀྱི་ཆོས་ཉིད་ཤེས་རྟོགས་བྱ་ཐབས་ཀྱི་རྩིས་རིག་ཅིག་ལ་ཟེར། དེ་ཡང་རིག་གནས་ཆེ་ཆུང་གི་རྣམ་བཞག་ངོ་སྤྲོད་བྱེད་པའི་གཞུང་ཕལ་ཆེ་བའི་ནང་། སྐར་རྩིས་ཤེས་ན་གྲངས་ལ་མི་རྨོངས་ཞེས་བཤད་པ་ལྟར། སྐར་རྩིས་ཀྱིས་གཙོ་བོ་རྩིས་རིག་ལ་བརྟེན་ནས་རྒྱུ་སྐར་གྱི་འཁོར་འགྲོས་དང་དུས་བཞིའི་ཞིང་འབྲོག་གི་ཐོན་སྐྱེད་ལ་ཕན་གནོད་ཀྱི་ནམ་དུས་ངོ་སྤྲོད་བྱེད་ཀྱི་ཡོད་ཅིང་། དེའི་གཟུགས་ཀྱི་བོངས་ཚོད་དང་། གྲངས་འབོར་སོགས་རྩི་རྒྱུ་ཡང་ཤེས་ཐུབ་པས། སྣོན་འཕྲི་བསྒྱུར་བགོ་བཞི་མ་ཤེས་ན་སྐར་རྩིས་ཤེས་ཐབས་མེད། བོད་ཡིག་སྐར་རྩིས་ཀྱི་ཁྱད་ཆོས་འགའ་ཞིག་བརྗོད་ན། སྤྱི་ལོ ༢༠༠༨ ལོའི་ཟླ་བ ༥ པའི་ཚེས ༡༢ ལ་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཚང་རྫོང་དང་། བཀྲ་ཤིས་གླིང་རྫོང་། གཞན་རྒྱ་ནག་གི་པེ་ཁྲོན་རྫོང་དང་། ཆིང་ཁྲོན་རྫོང་སོགས་ལ་ས་འགུལ་འོང་རྒྱུ་དེ་ལྷ་སའི་ལོ་ཐོ་ཐོག་ཏུ་ཕྱོགས་རྣམས་གསལ་པོ་བཀོད་ཡོད་པ་དང་། དེ་བཞིན་དུ་ཉི་འཛིན་དང་ཟླ་འཛིན་སོགས་ཚང་མ་ཚན་རིག་གི་བཤད་སྟངས་དང་ཁྱད་མེད་པར་ཤེས་ཡོད་པ་ལྟ་བུ་སོགས་ནི་ངོ་མཚར་དུ་མ་དང་ལྡན་པ་ཞིག་ཡིན་ནོ། །
༥ ཟློས་གར་རིག་པ། དེ་ཡང་མིག་སྔར་ཁོ་བོས་བརྩམས་པའི༼ཟློས་གར་ལ་འཇུག་པའི་སྒོ༽ཞེས་པ་ཙམ་མ་གཏོགས་ང་ཚོའི་བོད་ལ་ད་སྔོན་མེད། བོད་ཀྱི་མཁས་པ་ཚོས་ཟློས་གར་གྱི་བསྟན་བཅོས་ཆེན་པོ་བརྒྱད་ལ་སོགས་པ་ཞེས་ཁ་འབོད་ཆེ་ཐག་ཆོད་རེ་རྒྱག་སྲོལ་ཡོད་ཀྱང་དོན་དངོས་ལ་ཟློས་གར་གྱི་འཁྲབ་གཞུང་ཡིན་པ་ལས་ཟློས་གར་གྱི་རིག་པའི་གཞུང་ལུགས་ཤིག་གནའ་ནས་ད་བར་དུ་བརྩམས་ཡོད་པ་ཞིག་མ་མཐོང་། ཁོ་བོས་གོང་བཤད་ཀྱི་དོན་དེ་ལ་ཅུང་ཟད་དཔྱད་ན་ས་པཎ་གྱིས་བོད་རབ་བྱུང་གསུམ་པའི་ཤིང་སྦྲུལ་ལོ་སྟེ་སྤྱི་ལོ༡༡༨༥ལོར་བཅུ་ཕྲག་རིག་གནས་ཞེས་པ་དེ་ཕྱོགས་བསྡུས་མཛད་ནས་རིག་པའི་གནས་ཆུང་ལྔའི་གྲངས་ཀའི་འཆར་གཞི་ཚད་ལྡན་ཞིག་བཞག་ཡོད་ཀྱང་། ཁོང་མི་གཅིག་གིས་དེ་འདྲའི་བསྟན་བཅོས་མང་པོ་ཞིག་བརྩམས་གནང་མཛད་མ་ཐུབ་པས་ཟློས་གར་གྱི་བསྟན་བཅོས་དེ་བརྩམ་རྒྱུ་ལུས་སོང་བ་རེད། ས་པཎ་བྱོན་རྗེས་སུ་ས་དགེ་རྙིང་གསུམ་དང་བཀའ་འབྲུག་བོན་གསུམ་སོགས་ཀྱི་ཆོས་ལུགས་ཀྱི་མི་སྣ་མཁས་པའི་དབང་པོ་བླ་མ་དང་། མཁན་པོ། དགེ་བཤེས། སྤྲུལ་སྐུ། གཏེར་སྟོན། གྲུབ་ཐོབ། གྲྭ་པ། ཇོ་མོ་སོགས་དུ་མ་ཞིག་བོད་ལ་བྱོན་ནས་སྲོལ་རྒྱུན་རིག་གནས་ལ་འཆད་ཉན་སྒོམ་སྒྲུབ་དང་དར་སྤེལ་བཅས་ཉི་མ་ཤར་བ་ལྟར་མཛད་ཡོད་མོད། འོན་ཀྱང་ཁོང་རྣམས་ཀྱིས་རིག་གནས་ཀྱི་གྲངས་ཀ་མི་ཚང་བ་དག་གྲངས་ཀ་ཚང་ཐབས་ཀྱི་ཁ་སྐོང་བྱ་རྒྱུ་དང་། བོད་ཡིག་རྐྱང་རྐྱང་གི་གསར་རྩོམ་བྱེད་རྒྱུ་སོགས་ལ་བསམ་གཞིག་བྱེད་མྱོང་མཁན་དང་ལག་ལེན་བསྟར་མཁན་ནི་གནའ་ནས་ད་ལྟའི་བར་དུ་རྡོ་སྤུའི་ལྭ་དཀར་གྱི་རྗེས་སུ་སོང་ཟིན་པ་ཡིན་ནོ། །
སྤྱི་ལོ༡༩༥༠ལོ་ནས་སྤྱི་ལོ༢༠༡༢ལོའི་བར་གྱི་མི་རིགས་སློབ་གྲྭ་ཆེ་འབྲིང་སོགས་ལས་སློབ་མཐར་ཕྱིན་ནས་ཐོན་པའི་དེང་གི་དགེ་སློབ་མཁས་པ་རྣམས་ཀྱིས་ཀྱང་དེའི་སྐོར་ལ་བསམ་གཞིག་ཡག་པོ་ཞིག་བྱས་མེད་པ་ལ་བལྟས་ན། ས་པཎ་བསྟོད་པ་ང་བརྒྱད་མ་ལས། དེ་འདྲ་གང་ཡིན་ས་སྐྱ་པ་སྟེ་མཁས་པ་གཞན་དག་གཟུགས་བརྙན་ཡིན། །ཞེས་གསུངས་ཡོད་པ་འདི་ལ་དངོས་གནས་བསམ་བློ་ཡག་པོ་ཞིག་བཏང་ན་ཁོང་གིས་གསུང་དེ་ཚོ་དངོས་གནས་བདེན་པ་བདེན་ཐུབ་རེད་འདུག་བསམ་ནས་ཁོ་བོ་ལ་ལྷག་པར་ཏུ་དད་པ་བརྟན་པོ་ཞིག་སྐྱེས་བྱུང་། དེ་ཡང་སྤྱི་ལོ༢༠༡༢ལོ་ནས་བཟུང་སྟེ་བོད་ལ་རང་མི་རིགས་ཀྱི་སྐད་ཡིག་རྐྱང་རྐྱང་གིས་བརྩམས་པའི་རིག་པའི་གནས་ཆེན་ལྔ་དང་རིག་པའི་གནས་ཆུང་ལྔ་བཅས་ཁྱོན་བསྡོམས་ན་བཅུ་ཕྲག་རིག་གནས་ཀྱི་རིག་པའི་གཞུང་ལུགས་རྣམས་ཆ་ཚང་བ་ཞིག་བརྩམས་ཚར་ཡོད་པ་ནི་རང་རེའི་གངས་ཅན་ལྗོངས་ཀྱི་མེས་པོས་བསགས་པའི་སྤྱི་ནོར་ཡིན་པ་ཚང་མས་ཤེས་དགོས་པ་ཡིན་ནོ། །
གསུམ་པ། བཅུ་ཕྲག་རིག་གནས་ཀྱི་དངོས་ཡོད་ཀྱི་གནས་ཚུལ་མདོར་བསྡུས།
དེ་ཡང་བོད་རང་གི་སྐད་དང་ཡི་གེ་ཁོ་ནས་བརྩམས་པའི་བཅུ་ཕྲག་རིག་པའི་ནང་གི་ནང་དོན་རིག་པ་དང་ཚད་མ་རིག་པ། གསོ་བ་རིག་པ། སྙན་ངག་རིག་པ། སྐར་རྩིས་རིག་པ་བཅས་ནི་བོད་ལ་དར་རྒྱས་ཕུན་སུམ་ཚོགས་པ་སོང་ནས་འཛམ་གླིང་ན་སྐད་གྲགས་ཅན་གྱི་རིག་གནས་ཀྱི་གྲལ་དུ་ཚུད་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རེད། སྔོན་ཆད་བཟོ་རིག་པའི་སྐོར་བོད་ལ་ཐང་གའི་ཐིག་རྩ་སོགས་ཅུང་ཟད་ཡོད་པ་ཙམ་མ་གཏོགས་རིག་གཞུང་ཆ་ཚང་བ་ཞིག་མེད། དེ་བཞིན་དུ་སྔོན་ཆད་མངོན་བརྗོད་ལའང་རྩ་བ་ཙམ་མ་གཏོགས་བོད་ཡིག་ཁོ་ནའི་འགྲེལ་བཤད་ཅིག་མེད་ཅིང་། དེ་བཞིན་དུ་ལེགས་སྦྱར་གྱི་སྡེབ་སྦྱོར་མ་གཏོགས་བོད་ཀྱི་བརྡ་སྤྲོད་སོགས་ལ་མཐུན་པའི་སྡེབ་སྦྱོར་དང་ཟློས་གར་གྱི་རིག་གཞུང་ཀྱང་མེད། དཔེར་ན་སྔོན་ཆད་མི་གཞན་ཞིག་གིས་ཁྱོད་རང་ཚོའི་བཟོ་རིག་པ་དང་སྒྲ་རིག་པ། མངོན་བརྗོད་རིག་པའི།སྡེབ་སྦྱོར་རིག་པ། ཟློས་གར་རིག་པ་ལྔའི་འགྲེལ་བཤད་ལེགས་སྦྱར་སྐད་གཏན་ནས་མི་འདྲེས་པའི་བོད་ཡིག་ཁོ་ནའི་རིག་གཞུང་ཆ་ཚང་བ་ཞིག་ད་ལྟ་ཁྱེར་ཤོག་ཟེར་ན་འདི་རེད་ཅེས་པའི་རིག་གཞུང་ཞིག་དངོས་སུ་སྟོན་རྒྱུ་མེད་པས།མངོན་སྡེབ་ཟློས་གསུམ་ནི་ཁམས་པའི་སློབ་ཆེན་གྱི་དགེ་རྒན་ཆེན་པོའི་མིང་ཙམ་འཛིན་པ་དེས་གསར་རྩོམ་བྱས་ཡོད། སྤྱི་ལོ༡༩༩༤ལོའི་ཟླ་བ༨ནས་བཟུང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་བཟོ་གནས་སྐྲ་རྩེའི་ཆུ་ཐིགས་ཞེས་པའི་བོད་ཀྱི་བཟོ་རིག་པའི་གཞུང་ལུགས་ཆ་ཚང་བ་ཞིག་གསར་དུ་བརྩམས་ནས་སྟོང་ཆ་དེ་ཁ་སྐོང་བྱས་ཡོད་ཅིང་། དེ་བཞིན་དུ་སྒྲ་རིག་པ་ནི་ལེགས་སྦྱར་གྱི་སྐད་ཀྱི་སྒྲ་རིག་པ་བོད་ལ་སྔོན་ཆད་དར་སྲོལ་ཅུང་ཟད་ཡོད་ནའང་དེང་སང་དེ་ཤེས་མཁན་ཤིན་ཏུ་དཀོན་པོ་ཡིན་པས། བོད་ཀྱི་སྐད་ཡིག་ཁོ་ནས་སྒྲ་རིག་པའི་དཔེ་ཆ་ནི་སྤྱི་ལོ༢༠༡༢ལོའི་ཟླ༧པའི་ཚེས༡ལ་ཡུན་ནན་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་རིག་གནས་སློབ་གླིང་གི་འབུམ་རམས་པ་དགེ་རྒན་ཨ་ཚོགས་དང་ཁམས་པའི་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་པོའི་མིང་ཙམ་འཛིན་པ་རིག་བསྟན་གཉིས་ཀྱིས་གངས་ཅན་པའི་སྒྲ་རིག་པ་ཞིག་གསར་དུ་བརྩམས་ཡོད། གཞན་ཡང་རིག་པའི་གནས་ཆུང་ལྔའི་མངོན་བརྗོད་རིག་པའི་འགྲེལ་བ་དང་སྡེབ་སྦྱོར་རིག་པ། ཟློས་གར་རིག་པ་གསུམ་ལ་འགྲེལ་བཤད་ཆ་ཚང་བ་རེ་སྤྱི་ལོ༢༠༡༢ལོར་གསར་དུ་བརྩམས་ཡོད་པ་སོགས་ནི་འདིར་རིག་གནས་སྔར་མེད་པ་རྣམས་ཁ་སྐོང་བྱས་ཡོད་ཚུལ་ངོ་སྤྲོད་མདོར་བསྡུས་པ་ཙམ་ཞིག་ཞོར་དུ་ཞུས་པ་ཡིན་ལ། རང་གི་རིག་གནས་ལ་ཡིད་ཆེས་གཏན་པོ་ཡོད་དགོས། ཀྲུང་གོའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་པ་ལྟར་ཡིད་ཆེས་དགོས་པ་བཞི་ནི། ལམ་ལུགས་ལ་ཡིད་ཆེས་པ། རིག་གཞུང་ལ་ཡིད་ཆེས་པ། སྒྲིག་སྲོལ་ལ་ཡིད་ཆེས་པ། རིག་གནས་ལ་ཡིད་ཆེས་བྱེད་དགོས་པ་བཅས་ཡིད་ཆེས་བྱེད་དགོས་ས་བཞི་བཤད་པ་ལྟ་བུ་སོགས་ཡིན་ནོ།། །།
དཔྱད་གཞིའི་ཡིག་ཆ།
མུ་པོས་གཙོ་སྒྲིག་བྱས་པ༼བོད་ཀྱི་གནའ་དེང་གི་རྩོམ་ཡིག་གཅེས་སྒྲིགས།༽ སྤྱི་ལོ༢༠༠༦ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས།
ཀན་སུའུ་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་གིས་བསྒྲིགས་པ༼མདོ་སྨད་ཞིབ་འཇུག༽སྤྱི་ལོ༢༠༠༧ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས།ཀྲང་དབྱི་སུན་གྱིས་གཙོ་སྒྲིག་བྱས་པ༼བོད་རྒྱ་ཚིག་མཛོད་ཆེན་མོ།༽སྟོད་སྨད་ཀུན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ༡༩༩༣ལོར་དཔེ་བསྐྲུན་བྱས།
དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་བྱས་པ༼དུང་དཀར་ཚིག་མཛོད་ཆེན་མོ།༽ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་སྤྱི་ལོ༢༠༠༢ལོའི་ཟླ༤པར་དཔེ་བསྐྲུན་བྱས།
གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་རྩོམ་སྒྲིག་བྱས་པ༼གནའ་རྩོམ་གཅེས་བཏུས་སློབ་དེབ་གསར་མ་གཞོན་ནུའི་ལང་ཚོ།༽སྤྱི་ལོ༢༠༡༢ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས་པ་སོགས་ནི་དཔྱད་གཞིའི་ཡིག་ཆ་གཙོ་བོ་རྣམས་ཡིན་ནོ། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10