བོད་ཀྱི་བཅུ་ཕྲག་རིག་གནས་འཕེལ་རིམ་གྱི་ལོ་རྒྱུས་ལ་རག་ཙམ་དཔྱད་པ།(གཉིས་པ།)

རིག་བསྟན་གྱིས་བྲིས།        2025-05-20

      ༢ གསོ་བ་རིག་པ། དེ་ཡང་གསོ་བ་རིག་པ་ཞེས་པའི་དོན་དེ་མདོར་བསྡུས་ན་ལུས་སྲོག་གསོ་བར་བྱེད་པའི་རིག་པ་སྟེ། གསོ་བྱ་དང་། གསོ་བྱེད། གསོ་ཚུལ། གསོ་མཁན་བཅས་ཀྱི་རྣམ་བཞག་སྟོན་པའི་རིག་གནས་ཤིག་ལ་གོ་དགོས་ལ། སྤྱིར་གསོ་བ་རིག་པ་ནི་སྐལ་ལྡན་རྗེས་སུ་འཛིན་པའི་ཡན་ལག་ཡིན་གསུངས་པ་ལྟར། གསོ་བ་རིག་པ་ནི་སྐྱེ་འགྲོའི་ནད་ཀྱི་ཟུག་རྔུ་ཐམས་ཅད་འཇོམས་པར་བྱེད་ཅིང་། དུས་མིན་འཆི་བའི་འཆིང་ཞགས་བཅད་དེ་ལུས་སེམས་ཀྱི་བདེ་བ་འཐོབ་པར་བྱེད་པའི་ཐབས་མཆོག་ཏུ་གྱུར་པ་ཞིག་ལ་གོ་དགོས་ལ། འདི་ནི་རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་བ་མེད་པར་འགྲོ་བ་མིའི་རིགས་ཀྱིས་དུས་ཡུན་རིང་པོར་ཐོན་སྐྱེད་ངལ་རྩོལ་བྱེད་པ་དང་རང་བྱུང་ཁམས་ལ་འཐབ་རྩོད་བྱེད་པའི་གོ་རིམ་ནང་སྐྱེ་དངོས་དང་། རྩི་ཤིང་། གཏེར་ཁ། སྲོག་ཆགས་སོགས་ཀྱི་ནུས་པ་དང་ཆོས་ཉིད་ཤེས་རྟོགས་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཆ་ཇེ་ཚང་དང་། ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་ལག་ལེན་གྱི་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་ཞིང་། རང་རང་སོ་སོར་འཕེལ་རྒྱས་ཀྱི་ལོ་རྒྱུས་ཡོད་པ་ཞིག་ཀྱང་ཡིན། ལྷག་པར་དུ་བོད་ཀྱི་གསོ་བ་རིག་པ་ནི་རང་རྒྱལ་གྱི་གསོ་རིག་རིན་པོ་ཆེའི་གཏེར་མཛོད་ནང་གི་འོད་སྟོང་འཕྲོ་བའི་ནོར་བུའི་ཆ་ཤས་ཤིག་ཏུ་གྱུར་ཡོད་པ་དང་། རང་ཉིད་ཀྱི་རྨང་གཞི་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྨན་དཔྱད་རིག་པ་ཞིག་ཡིན། ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆར་གཞིར་བཟུང་ན། སྤྱི་ལོའི་གོང་གི་ལོ་སྟོང་ཕྲག་ཁ་ཤས་སྔོན་ནས། བོད་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་ནད་རིགས་ལ་འཐབ་རྩོད་བྱེད་པ་བརྒྱུད། རང་ཉིད་ཀྱི་ཡུལ་ནས་ཐོན་པའི་སྐྱེ་དངོས་དང་། རྩི་ཤིང་། གཏེར་རྫས། སྲོག་ཆགས་སོགས་ལ་བརྟེན་ནས་ནད་བཅོས་པའི་ཆོས་ཉིད་ངོས་འཛིན་ཐུབ་སྟེ། དེའི་མཇུག་བསྡོམས་སུ་དུག་ཡོད་ན་སྨན་ཡོད་ཅེས་པ་དང་། དུག་ཀྱང་སྨན་དུ་བསྒྱུར་ཐུབ་པའི་རྫས་སྦྱོར་རིག་པ་ཤེས་ནས་མར་ལ་བརྟེན་ནས་ཁྲག་གཅོད་པ་དང་། ཆང་ལ་བརྟེན་ནས་རྨ་བཅོས་པ་སོགས་རང་བྱུང་ཁམས་ཀྱི་ནུས་པར་ངོས་འཛིན་བྱེད་པའི་ཚད་མཐོན་པོ་བྱུང་ཡོད་ཅིང་། རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་སུ་བྱུང་བའི་བོན་གྱི་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་ནས་ཕན་ཤེས་སྨན་དཔྱད་ཟེར་བ་དེ་ནི་བོན་གྱི་ཆོས་ལུགས་ལ་དད་པ་ཡོད་པའི་སྨན་པ་མཁས་ཆེན་ཞིག་ཡིན་པ་དེའི་དུས་སུ་སྨན་གཞུང་ཐམས་ཅད་ཀྱི་རྩ་བ་འབུམ་བཞི་བརྩམས། སྐབས་དེར་གསོ་རིག་འབུམ་བཞི་ལ་བཻ་རོ་ཙ་ན་སོགས་ཀྱིས་གང་འཚམས་བཟོ་བཅོས་གནང་ཞིང་དེ་ལ་གསོ་རིག་རྒྱུད་བཞི་ཞེས་མཚན་གསོལ་ནས་བེད་སྤྱོད་བྱས་ཡོད་ཚུལ་ནི་མཁས་པ་ནམ་མཁའི་ནོར་བུའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས། དེང་དུས་དངོས་ཡོད་བོན་གྱི་བཀའ་འགྱུར་གྱི་ཁྲོད་ན་བཞུགས་པའི་ཡིག་ཆ་ནི། བདུད་རྩིའི་བང་མཛོད་འབུམ་བཞི་རུ་གྲགས་པ། བུ་འཚོ་སྲིད་པའི་རྒྱལ་པོའི་གཏེར་མའི་སྐོར་རྩ་བ་ཐུགས་འབུམ་སྔོན་པོ། 

      འཚོ་བྱེད་སྨན་འབུམ་དཀར་པོ། འཚོ་ཐབས་དཔྱད་འབུམ་ཁྲ་བོ། གསོ་བྱེད་ནད་འབུམ་ནག་པོ་ཞེས་ཡོངས་སུ་གྲགས་པ་འདི་བཞི་ནི་མདོ་སྡེ་ཆེན་པོ་དགུ་རུ་གྲགས་པའི་ནང་ཚན་གྱི་གཞི་རྩའི་འབྱུང་ཁུངས་དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་ལྔའི་ནང་ཚན་དུ་གྱུར་པ་ཞིག་སྟེ། 

རྒྱུད་བཞི་རུ་གྲགས་པ་འདི་རྣམས་ལོ་ཆེན་བཻ་རོ་ཙ་ནས་བོན་གྱི་སྨན་གཞུང་ལས་བླངས་པ་ཞིག་ཡིན་པའི་རྟགས་སུ་ཞུ་བ་པོའི་འཁོར་དྲང་སྲོང་ཞེས་མིང་ཡོད་པ་དང་། ནད་བཅོས་ཀྱི་སྔགས་རྣམས་ཀྱི་ནང་དུ་ཞང་ཞུང་གི་སྐད་རང་སོར་བཞག་ཡོད་པ་སོགས་ཀྱིས་ཤེས་ཐུབ་པ་ཡིན་ཞེས་གསུངས་ཡོད་པ་ལས་ཀྱང་ཤེས་སོ།   

      རྗེས་སུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་ཀྱི་གསོ་རིག་ཆེད་མཁས་པ་ཚོས་གོང་ཞུས་ལྟར་བོད་ཀྱི་སྨན་གཞུང་འབུམ་བཞི་དེ་རྒྱུད་བཞི་ལ་བསྒྱུར་ཞིང་། དུས་རབས་བཅུ་གཉིས་པའི་ནང་དུ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་བྱོན་ནས་རྒྱལ་ཕྱི་ནང་གི་སྨན་གཞུང་མང་པོ་ལ་བརྟག་དཔྱད་དང་ཞིབ་འཇུག་གནང་ནས་སྔོན་གྱི་འབུམ་བཞི་དེ་རྒྱུད་བཞི་ལ་བསྒྱུར་ཡོད་པ་ལ་དག་བཅོས་དང་འགྲེལ་བ་བརྩམས་ནས་རྒྱུད་བཞིའི་བཤད་པ་དང་ལག་ལེན་བཅས་གང་ཐད་ལ་སྔར་ལས་ལྷག་པའི་ཕུན་སུམ་ཇེ་ཚོགས་སུ་བཏང་། རྗེས་སུ་བོད་ལུགས་ཀྱི་གསོ་བ་རིག་པ་ལ་འཕེལ་རྒྱས་གསར་པ་ཞིག་བྱུང་ནས་བཤད་རྒྱུན་དང་ལག་ལེན་ཐད་ལ་བྱང་ལུགས་དང་ཟུར་ལུགས་ཞེས་སྡེ་ཁག་གཉིས་སུ་གྱེས་ཡོད་པ་གཤམ་གསལ། 

      དང་པོ་བྱང་ལུགས་ནི་མི་ཉག་མཁས་པ་བྱང་བདག་རྣམ་རྒྱལ་གྲགས་བཟང་གིས་གནམ་གཤིས་གྲང་བའི་ས་ཁུལ་གྱི་ནད་རིགས་བཅོས་ཐབས་གཙོ་བོར་བྱེད་པའི་སྨན་བཅོས་ཉམས་མྱོང་མང་བོ་ཕྱོགས་བསྡོམས་གནང་སྟེ། རྩ་རྒྱུད་འགྲེལ་པ་གསལ་བྱེད་སྒྲོན་མེ་དང་། བཤད་རྒྱུད་འགྲེལ་པ་བདུད་རྩིའི་ཆུ་རྒྱུན། ཕྱི་མ་རྒྱུད་ཀྱི་འགྲེལ་པ་དགོས་འདོད་འབྱུང་བ་བཅས་བརྩམས་གནང་མཛད་པ་ལ་བྱང་ལུགས་ཞེས་པའི་སྨན་བཅོས་ཀྱི་ལག་རྩལ་གསར་པ་ཞིག་དར་བ་ཡིན། དེ་དག་དར་སྤེལ་བཏང་བའི་དུས་ཚོད་ནི་བོད་རབ་བྱུང་བདུན་པའི་ས་ལུག་ལོ་ནས་རབ་བྱུང་བརྒྱད་པའི་ཤིང་ལུག་ལོའི་བར་ཏེ། སྤྱི་ལོ༡༣༩༥ལོ་ནས༡༤༧༥ལོའི་བར་དུ་བྱུང་བའོ། །ཞར་བྱུང་ཁོ་བོས་ལྟ་ཚུལ་ལ་འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་ནང་དུ་ཚུད་ཆོག་ཆོག་ཡོད་པའི་སྨན་བཅོས་བྱེད་ཐབས་ལ་བདུད་རྩི་ལྔ་ལུམ་བྱེད་ཐབས་དང་། ཐུར་མ་འཕེན་ཚུལ་སོགས་ཐབས་ཤེས་ཁྱད་པར་ཅན་འགའ་ཤས་ཀྱང་ཡོད་པ་ནི་ཚང་མས་ཤེས་རྒྱུ་ནི་གལ་ཆེན་པོ་ཡིན་ནོ།  

       གཉིས་པ་ཟུར་ལུགས་ནི་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་གནམ་གཤིས་དྲོ་བའི་ས་ཁུལ་གྱི་ནད་རིགས་བཅོས་ཐབས་གཙོ་བོར་བྱེད་པའི་སྨན་བཅོས་ཉམས་མྱོང་མང་པོ་ཕྱོགས་བསྡོམས་བྱས་ཏེ། རྒྱུད་བཞིའི་འགྲེལ་པ་སྤོས་ཤེལ་ཕྲ་མོ་ཞེས་པ་ཞིག་བརྩམས། ཁོང་དགུང་ལོ་སུམ་ཅུ་སོ་བདུན་ཐོག་ཏུ་དགོངས་པ་རྫོགས།  དེ་འཕེལ་རྒྱས་བཏང་བའི་དུས་ཡུན་ནི་རབ་བྱུང་བདུན་པའི་ས་ལུག་ལོ་ནས་རབ་བྱུང་བརྒྱད་པའི་ཤིང་ལུག་ལོའི་བར་ཏེ། སྤྱི་ལོ༡༤༣༩ལོ་ནས༡༤༧༥ལོའི་བར་དུ་དར་རྒྱས་བྱུང་བར་བཤད་དོ།།

       རྗེས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱུད་བཞིའི་འགྲེལ་པ་བཻཌཱུརྱ་སྔོན་པོ་བརྩམས་ནས་རབ་བྱུང་བཅུ་གཉིས་པའི་ས་སྦྲུལ་ལོ་སྟེ། སྤྱི་ལོ༡༦༨༩ལོར་དངོས་སུ་དཔར་སྐྲུན་འགྲེམས་སྤེལ་བྱས། བོད་སྨན་ལ་བྱས་རྗེས་ཆེ་བ་ཟུར་མཁར་བ་བློ་གྲོས་རྒྱལ་པོ་དང་། མཉམ་ཉིད་རྡོ་རྗེ་སོགས་ཀྱིས་ཀྱང་དཔེ་ཆ་མང་པོ་བརྩམས་ཡོད། རྗེས་སུ་སྡེ་དགེ་བ་དེའུ་དམར་དགེ་བཤེས་བསྟན་འཛིན་གྱིས་རབ་བྱུང་བཅུ་བཞི་པའི་ལྕགས་བྱི་ལོ་སྟེ་སྤྱི་ལོ ༡༨༤༠ལོར་ཤེལ་གོང་དང་ཤེལ་ཕྲེང་གཉིས་བརྩམས་པ་སོགས་ཀྱིས་ཀྱང་བོད་སྨན་ལ་མཛད་རྗེས་ཆེན་པོ་བཞག །མདོར་ན་སྤྱི་ལོའི་གོང་གི་དུས་རབས་ཁ་ཤས་ནས་དེ་སྔོན་སྨན་རྩིས་ཁང་གི་དབུ་འཛིན་མཁྱེན་རབ་ནོར་བུའི་བར་དུ་རགས་རྩིས་བྱས་པ་ལྟར་ན་བོད་ལུགས་ཀྱི་སྨན་པ་མཁས་པ་རྒན་རབས་མི་གྲངས་སྟོང་གཅིག་ཙམ་བྱོན་ཡོད། དེ་དག་གིས་བརྩམས་པའི་རྩོམ་ཡིག་ད་ཡོད་ལ་བཤད་ན་དགུ་བརྒྱ་ལྷག་ཙམ་ཡོད་པར་བཤད། ཞིབ་པར་ཤེས་འདོད་ན་དུང་དཀར་ཚིག་མཛོད་ཀྱི་ལྡེབ་མ༢༡༠༤ནས༢༡༠༨བར་དུ་གསལ་བས་དེར་གཟིགས་མཛད་པར་ཞུའོ།   

       ༼རྒྱུད་བཞི༽ མཛད་པ་པོ་ལ་བཤད་ཚུལ་མི་འདྲ་བ་གསུམ་ཡོད་པ་གཤམ་གསལ། 

       དང་པོ་གྲ་ཐང་རྒྱུད་བཞི་ལྟར་བཤད་པ།   སྨན་གཞུང་རྒྱུད་བཞི་འདི་ཉིད་ནི་གཏེར་སྟོན་ཆེན་པོ་གྲྭ་པ་མངོན་ཤེས་ཅན་གྱིས་རབ་བྱུང་དང་པོའི་ས་ཕོ་ཕག་གི་ལོ་སྟེ་ཕྱི་ལོ༡༠༣༨ལོའི་སྟོན་ཟླ་ར་བའི་ཚེས་བཅོ་ལྔའི་ནམ་ཕྱེད་ཆུ་ཚོད་གསུམ་པར་དཔལ་བསམ་ཡས་གཙུག་ལག་ཁང་གི་བར་ཁང་ཀ་བ་བུམ་པ་ཅན་གྱི་འོག་ནས་གཏེར་དུ་བཞེས།  ཕྱིས་སུ་རབ་བྱུང་དགུ་པའི་མེ་ཕོ་རྟའི་ལོ་སྟེ་ཕྱི་ལོ༡༥༤༦ལོར་ནང་སོ་ཡར་རྒྱབ་པས་སྦྱིན་བདག་མཛད་ནས་པར་ཤིང་རྐོས་ཏེ་མཁས་པའི་དབང་པོ་ཟུར་མཁར་བ་བློ་གྲོས་རྒྱལ་པོས་ཞུ་དག་མཛད་ཡོད།  དེ་ནས་བཟུང་གྲ་ནང་ངམ་གྲ་ཐང་རྒྱུད་བཞི་ནི་གངས་ལྗོངས་གསོ་རིག་གཞུང་ལུགས་ཤིང་པར་དུ་བརྐོས་པ་ཆེས་ཐོག་མ་ཡིན་པར་བཤད།  རྒྱུད་བཞི་འདི་པར་ཤིང་བརྐོས་ནས་གནད་དོན་ཆེན་པོ་གསུམ་ཐག་གཅོད་བྱས་ཡོད།      རྒྱུད་བཞིའི་ཚིག་དོན་ཐད་གཅིག་གྱུར་བྱུང་བ།    རྒྱུད་བཞི་ཁྱབ་གདལ་བཏང་ཡོད།     རྒྱུད་བཞིའི་པར་གཞི་འདི་ལ་ཀུན་གྱིས་ཡིད་ཆེས་ཤིང་ཁས་ལེན་པར་གྱུར་ཡོད།  ཅེས་གྲ་ཐང་དཔེ་ཚོགས་ཐེངས་དང་པོའི་ནང་གི་ཤོག་ལྡེབ༤༤ངོས་ནས་བཏུས་པ་ཡིན་ནོ།  

དཔྱད་བརྗོད་ལྟར་ན་བཤད་ཚུལ་འདི་ཡང་བོད་ཀྱི་ཁམས་དབང་དག་དང་མཐུན་པའི་བཤད་ཚུལ་ཞིག་རེད་སྙམ་མོ།  

       གཉིས་པ་རྒྱུད་བཞི་དེ་སངས་རྒྱས་ཀྱི་གསུང་ཡིན་ཚུལ་བཤད་པ།  རྒྱ་གར་སྨན་གྱི་ནགས་སུ་ལོ་བཞི་ལ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་དྲང་སྲོང་ཡིད་ལ་སྐྱེས་ལ་རྒྱུད་བཞི་དྲི་བ་དང་དྲིས་ལན་གྱི་ཚུལ་དུ་གསུངས་ཡོད་པར་བཤད་ཚུལ་དེ་ཡིན་ཞིང་།   དེ་ནི་སངས་རྒྱས་སྨན་གྱི་ལྷ་ཁོང་རང་ཉིད་དྲང་སྲོང་རིག་པའི་ཡེ་ཤེས་ལ་སྤྲུལ་ནས་དྲང་སྲོང་ཡིད་ལས་སྐྱེས་ལ་རྒྱུད་བཞི་འདི་དྲི་བ་དྲིས་ལན་གྱི་ཚུལ་དུ་གསུངས་པ་ལྟ་བུ་ཡིན་ཞིང་།  དཔྱད་བརྗོད་ལྟར་ན་བཤད་ཚུལ་འདི་ནི་ཅུང་ཟད་བརྟག་དཔྱད་དགོས་པ་ཞིག་རེད་དེ་ཅིའི་ཕྱིར་རེད་ཅེ་ན།  དང་པོ་ནི་སངས་རྒྱས་ཀྱིས་རྒྱུད་བཞི་ཞིག་ཆེད་དུ་བོད་ཁོ་ན་ལ་གསུང་དཀའ་མོ་རེད།  གཉིས་པ་ནི་རྒྱལ་བའི་བཀའ་འགྱུར་ནང་དུའང་མེད།  གསུམ་པ་རྒྱུད་བཞི་ནི་བསྟན་བཅོས་ཡིན་པ་ལས་མདོ་མ་རེད།    ཞར་བྱུང་བོད་ཀྱི་མཁས་པ་འགས༼རྒྱུད་བཞི༽བཀའ་ཡང་ཡིན་ཞིང་བསྟན་བཅོས་ཡང་ཡིན་ལ་གཏེར་མའང་ཡིན་ཞེས་བཤད་སྲོལ་ཡང་ཆགས་ཡོད་དོ།  

     གསུམ་པ་ལྟར་ན་བོད་རང་གིས་བརྩམས་པ་ཡིན་ཚུལ་བཤད་པ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་ཀྱི་གསོ་རིག་ཆེད་མཁས་པ་ཚོས་གོང་ཞུས་ལྟར་བོད་ཀྱི་སྨན་གཞུང་འབུམ་བཞི་དེ་རྒྱུད་བཞི་ལ་བསྒྱུར་བས་མ་ཚད། ལག་ལེན་སྒྲོན་མེ། ཉམས་མྱོང་གསལ་སྒྲོན་ལ་སོགས་པའི་སྨན་གཞུང་མང་པོ་ཞིག་བརྩམས་ཡོད་པར་བཤད་ཡོད་པ་ནི་དངོས་པོ་གནས་ཚུལ་དང་ཧ་ཅང་མཐུན་པ་ཞིག་རེད་སྙམ། དཔྱད་བརྗོད་ལྟར་ན་བཤད་ཚུལ་འདི་ནི་གོང་ཞུས་ལྟར་བོད་རང་གི་ལོ་རྒྱུས་དང་དངོས་པོའི་གནས་ཚུལ་དང་ཤིན་ཏུ་མཐུན་པ་ཞིག་རེད་སྙམ་པ་ནི་ཁོ་བོས་ལྟ་ཚུལ་ཙམ་བརྗོད་པ་ཡིན་ནོ།  

      སྒྲ་རིག་པ། དེ་ཡང་བརྡ་སྤྲོད་རིག་པ། རིག་གནས་ཆེ་བ་ལྔའི་ནང་གི་སྒྲ་རིག་པ་ཞེས་པའི་སྒྲ་ནི་གཙོ་བོར་བརྗོད་བྱའི་དོན་སྟོན་པའི་སྒྲ་རྣམས་ཏེ་དོན་གྱི་གོ་བརྡ་སྤྲོད་པའི་རིགས་པའི་གཞུང་ལུགས་ཤིག་ལ་ཟེར་བ་ཡིན་ཞིང། སྒྲ་རིག་པ་ལ་མཁས་པ་མཐར་ཕྱིན་པ་ཞིག་གིས་བརྗོད་བྱའི་དོན་མི་སྟོན་པའི་སྒྲའི་ངོ་བོ་ལ་བརྟགས་ནས་དོན་གོ་བ། དཔེར་ན། ཆུའི་ཐིགས་པ་ལྷུང་བའི་སྒྲ་དང་། ཤིང་གི་ལོ་མ་རླུང་གིས་གཡོས་པའི་སྒྲ་ལ་བརྟགས་ནས་བརྗོད་དོན་གོ་བ་སོགས་ནི་འབྱུང་བ་ཐམས་ཅད་ཀྱི་སྐད་ཤེས་པ་ཞེས་སྒྲ་རིག་པ་ལ་མཁས་པའི་མཐར་ཕྱིན་པའི་ཚད་དུ་འཇོག་པའི་གཏམ་རྒྱུད་མང་པོ་ཡོད་པ་ལྟ་བུ་དང་། བརྗོད་བྱའི་དོན་སྟོན་པའི་སྒྲ་རིག་པ་ལ་ཡང་། རྒྱ་གར་སྐད་ཀྱི་དབང་དུ་བྱས་པའི་སྒྲ་རིག་པ་དང་། བོད་རང་གི་སྐད་ཀྱི་དབང་དུ་བྱས་པའི་སྒྲ་རིག་པ་གཉིས་ཏེ། དང་བོ། རྒྱ་གར་གྱི་སྒྲ་རིག་པ་སྔོན་ཆད་བོད་དུ་བསྒྱུར་བའི་རིག་གཞུང་གཙོ་བོ་ནི་སྒྲ་ཀ་ཙན་དབྱངས་གསུམ་སྟེ། སྒྲ་ཀ་ལཱ་པ་དང་། སྒྲ་ཙནྡྲ་པ། དབྱངས་ཅན་སྒྲ་མདོ་བཅས་སོ། 

        གཉིས་པ། བོད་སྐད་ཀྱི་དབང་དུ་བྱས་པའི་སྒྲ་རིག་པའི་གཞུང་གི་བརྗོད་བྱའི་དོན་གཙོ་བོ་གསུམ་སྟེ། མིང་གི་ཚོགས་དང་། ཚིག་གི་ཚོགས། དེ་གཉིས་གྲུབ་བྱེད་ཡི་གེའི་ཚོགས་བཅས་ཡིན་ཞིང་། སུམ་རྟགས་གཉིས་དང་དག་ཡིག་བཅས་ཀྱིས་ཚོགས་གསུམ་པོ་དེ་རྒྱས་པར་བཤད་པ་ཡིན་པས་བོད་སྐད་ལ་སྒྲ་རིག་པའི་གཞུང་མེད་ཟེར་བ་ནི་སྒྲ་རིག་པ་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་ཡིན་པ་མ་ཤེས་པའི་རྟགས་ཡིན་ཞེས་དུང་དཀར་རིན་པོ་ཆེས་གསུངས་པ་ལྟར་ཡིན། བོད་ཀྱི་སྒྲ་རིག་པ་དེ་དོན་ལ་ཡོད་ཀྱང་མིང་ལ་ལེགས་སྦྱར་གྱི་སྐད་གཏན་ནས་མ་འདྲེས་པའི་བོད་ཡིག་རྐྱང་རྐྱང་གི་སྒྲ་རིག་པའི་བསྟན་བཅོས་ཞིག་མིག་སྔར་མཐོང་རྒྱུ་མེད་པས་རྐྱེན་བྱས་ཤིང་། རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོ་སྟེ་སྤྱི་ལོ༢༠༡༢ལོའི་ཟླ༧པའི་ཚེས༡ལ་ཡུན་ནན་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་རིག་གནས་སློབ་གླིང་གི་འབུམ་རམས་པ་དགེ་རྒན་ཨ་ཚོགས་དང་ཁམས་པའི་སློབ་ཆེན་གྱི་དགེ་རྒན་གྱི་མིང་ཙམ་འཛིན་པ་རིག་བསྟན་གཉིས་ཀྱིས་གངས་ཅན་པའི་སྒྲ་རིག་པ་ཞེས་པ་ཞིག་གསར་དུ་བརྩམས་ནས་དཔེ་སྐྲུན་བྱས་ཡོད་པ་དེ་ནི། བོད་ཀྱི་སྒྲ་རིག་པ་ཆེས་ཐོག་མ་དེ་རེད་ཅེས་བརྗོད་ན་ཆོག་སྙམ། དེ་ཅིའི་ཕྱིར་རེད་ཅེ་ན་དེ་ཡན་ཆད་ལ་བོད་ཀྱི་སུམ་རྟགས་དག་གསུམ་གྱི་རིག་གཞུང་གང་མང་ཡོད་ཀྱང་། མཁས་པ་སུ་ཞིག་གིས་ཀྱང་མིང་དོན་གཉིས་ཀའི་ཆ་དེ་སྔོན་ཆད་གངས་ཅན་པའི་སྒྲ་རིག་པ་ཞེས་པ་ཞིག་གསར་དུ་སྔོག་འདོན་དང་སྒོ་འབྱེད་བྱེད་ཐུབ་མེད་པས་ང་ཚོས་ཁོང་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞིང་།གལ་ཏེ་བོད་ཀྱི་སྒྲ་རིག་པ་ཟེར་བ་དེ་ངེས་པར་དུ་རྒྱ་གར་གྱི་སྒྲ་ཀ་ཙན་དབྱངས་གསུམ་གང་རུང་ཞིག་སྒྲ་རིག་པའི་ཁོངས་སུ་འཇོག་དགོས་ཟེར་ན་ཅུང་ཟད་མི་འགྲིག་ས་རེད་སྙམ་མོ། 

      ༤ ཚད་མ་རིག་པ། སྤྱིར་བཏང་ཚད་མའི་དོན་ནི་བསླུ་བ་མེད་པའི་རིག་པའམ་གསར་དུ་མི་བསླུ་བའི་རིག་པ་ཞིག་ལ་ཟེར། དེ་ཡང་གཞལ་བྱའི་གྲངས་དང་ཆེ་ཆུང་ལ་སོགས་པའི་ཚད་ལ་འཁྲུལ་བ་མེད་པ་དང་། ཡང་ན་རྒྱུ་མཚན་དང་གཏན་ཚིགས་ཡང་དག་པའི་སྒོ་ནས་འཁྲུལ་བ་མེད་པ་ཞིག་ལ་ཚད་མར་འཇོག་པ་ཡིན་ལ། བསམ་བློ་གང་ཞིག་ཚད་མ་ཡིན་མིན་དེ་ཡང་བསམ་བློ་དེས་ངོས་འཛིན་བྱས་པའི་དོན་དེ་གནས་ཚུལ་དངོས་དང་མཐུན་ཡོད་མེད་ཀྱི་སྒོ་ནས་འཇོག་པ་ཡིན། སྤྱིར་བཏང་ཚད་མ་རིག་པ་ཞེས་པ་སྒྲ་ཡངས་པའི་དབང་དུ་བྱས་ཏེ་བཤད་ན་རྟོག་གེའི་རིག་པ་ལའང་གོ་ཆོག་པ་ལྟར། རྟོགས་གེའི་རིག་པ་ནི་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་གི་ལོ་མང་པོ་ཞིག་གི་སྔོན་ནས་དྲང་སྲོང་ལྷའི་བླ་མ་ཞེས་པས་སྐྱེ་བ་སྔ་ཕྱི་མེད་པར་སྟོན་པའི་བསྟན་བཅོས་ཐོག་མར་བརྩམས་ཤིང་། དེ་མཚུངས་དྲང་སྲོང་འཇིག་རྟེན་མིག་ཅེས་པས་ལས་རྒྱུ་འབྲས་མེད་པར་སྟོན་པའི་བསྟན་བཅོས་བརྩམས། དེ་རྗེས་མུ་སྟེགས་པའི་སྟོན་པ་དྲང་སྟོང་སེར་སྐྱ་ཞེས་པས་ཤེས་བྱ་ཐམས་ཅད་རྣམ་གྲངས་ཉི་ཤུ་རྩ་ལྔར་འདུས་པར་སྟོན་པའི་བསྟན་བཅོས་བརྩམས། སངས་རྒྱས་ཆོས་ལུགས་རྒྱ་གར་དུ་དར་རྗེས་སངས་རྒྱས་ཤཱཀྱ་ཐུབ་པ་རང་ཉིད་ཀྱིས་གསུངས་པའི་མདོ་སྡེ་མང་པོས་ཚད་མ་གསུམ་གྱི་རྣམ་བཞག་སྐོར་བསྟན། རྗེས་སུ་དུས་རབས་བདུན་པའི་མགོ་ཙམ་དུ་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་རང་ལས་མཁས་པ་བཞིའི་ནང་ཚན་ཚད་མ་ལ་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཐོག་མར་དམིགས་པ་བརྟག་པ་དང་སེལ་བར་བརྟག་པ་སོགས་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྒྱད་མཛད། རྗེས་སུ་བསྟན་བཅོས་དེ་དག་གི་བརྗོད་དོན་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་སྟོན་པའི་བསྟན་བཅོས་བརྩམས་པར་བཞེད་ནས་ཚད་པ་ཀུན་བཏུས་སོགས་མཛད་ཡོད་པ་ནི་རྒྱ་གར་གྱི་ཚད་མ་དར་ཚུལ་གྱི་ལོ་རྒྱུས་མདོ་ཙམ་བཤད་པ་ཡིན་ལ། ཚད་མའི་བསྟན་བཅོས་དེ་དག་བོད་དུ་བསྒྱུར་བ་པོ་ནི་ཐོག་མར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་ཀྱི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་ཐོག་མར་བསྒྱུར། རྗེས་སུ་དུས་རབས་བཅུ་གཅིག་པའི་མཇུག་ཏུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་ཚད་མ་སྡེ་བདུན་བོད་སྐད་དུ་བསྒྱུར་ཞིང་། ཚད་མ་རྣམ་ངེས་ལ་འགྲེལ་བ་བརྩམས། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་ཚད་མ་རིགས་གཏེར་རྩ་འགྲེལ་དང་བཅས་པ་བརྩམས། གཞན་ཡང་ས་སྐྱའི་མཁས་པ་ཆེན་པོ་གཡག་རོང་པ། པཎ་ཆེན་ཤཱཀྱ་མཆོག་ལྡན། འུ་ཡུག་པ་རིགས་པའི་སེངྒེ། ཉ་དབོན་ཀུན་དགའ་དཔལ་བ། རྗེ་བཙུན་རེད་མདའ་བ། རྗེ་ཙོང་ཁ་པ། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་། པཎ་ཆེན་མཆོག་ལྷ་འོད་ཟེར། གྲྭ་ཆུང་བ་ཡོན་ཏན་རྒྱ་མཚོ། རྒྱལ་བ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ། དྲུང་ཆེན་ལེགས་པ་བཟང་པོ། པཎ་ཆེན་བསོད་ནམས་གྲགས་པ། ཆ་པ་ཆོས་ཀྱི་སེང་གེ་སོགས་ས་དགེ་རྙིང་གསུམ་དང་བཀའ་འབྲུག་བོན་སོགས་ཀྱི་སྐྱེས་བུ་དམ་པ་དུ་མས་རང་རིགས་ལ་ཚད་མའི་བསྟན་བཅོས་མང་པོ་མཛད་ཡོད་པ་དང་། སློབ་མ་དུ་མ་ཞིག་གསོ་སྐྱོང་མཛད་ནས་འཛམ་གླིང་ན་སྐད་གྲགས་ཡོད་པའི་མི་སྣའི་གྲས་སུ་ཚུད་པ་ཡིན་ནོ། །དུང་དཀར་ཚིག་མཛོད་ཆེན་མོའི་ལྡེབ་མ༡༦༩༣ནས༡༦༩༤ བར་དུ་གསལ་བ་ལྟར་རོ། 


  • ལེ་ཚན་སྔོན་མ།:བོད་ཀྱི་བཅུ་ཕྲག་རིག་གནས་འཕེལ་རིམ་གྱི་ལོ་རྒྱུས་ལ་རག་ཙམ་དཔྱད་པ།(དང་པོ།)
  • ལེ་ཚན་རྗེས་མ།:བོད་ཀྱི་བཅུ་ཕྲག་རིག་གནས་འཕེལ་རིམ་གྱི་ལོ་རྒྱུས་ལ་རག་ཙམ་དཔྱད་པ།(གསུམ་པ།)
  • དོ་སྣང་ཆེ་བའི་རྩོམ།