༼ ཞོ་ར་བསམ་འགྲུབ་རྒྱལ། ༽ 2025-06-13
དེང་རབས་སྤྱི་ཚོགས་ཀྱི་འཚོ་བའི་གོམ་འགྲོས་ཇེ་མགྱོགས་སུ་སོང་བ་དང་བསྟུན།མི་རྣམས་ཀྱི་སེམས་ངོར་དུས་ཚོད་ཡེ་ནས་འདང་གི་མི་འདུག། ཐ་ན་བྱ་བ་དང་སློབ་སྦྱོང་། ཁྱིམ་ཚང་སོགས་ཀྱི་གནོན་ཤུགས་དང་སེམས་ཁུར་སྣ་ཚོགས་ཀྱི་རྐྱེན་པས་སེམས་ལྷོད་ལ་བབས་ཏེ་བདེ་སྐྱིད་ནི་ཡང་སྙིང་ཅི་ཞིག་ཡིན་པའི་སྐོར་ལ་མནོ་བསམ་གཏོང་བའི་དུས་ཚོད་ཀྱང་ཧ་ཅང་དཀོན། དྲང་མོར་བཤད་ན་དེང་རབས་ཚན་རྩལ་གྱིས་མི་རྣམས་ཀྱི་འཚོ་བར་སྟབས་བདེ་མང་པོ་བསྐྲུན་ཡོད་ཀྱང་།ང་ཚོའི་འཚོ་བ་སྔར་བཞིན་ལྗིད་ཏིག་ཏིག་གི་འཚོ་བའི་ཀློང་ལ་བྱིངས་ཏེ་ལུས་སེམས་གཉིས་ངལ་བའི་རྒྱུ་ཁོ་ནར་གྱུར་འདུག།
སྨྱན་བྱད་སྣ་ཚོགས་ཀྱིས་སྤྱི་ཚོགས་ཀྱི་ཆ་འཕྲིན་གང་མང་བརྒྱུད་སྤྲོད་བྱེད་ཚད་ཧ་ཅང་མགྱོགས་ཏེ། ཐག་ཉེ་རིང་གང་རུང་ན་ཡོད་པའི་མི་རྣམས་ལ་དུས་ལྟར་འབྲེལ་གཏུག་བྱེད་ཐུབ་མོད། འོན་ཀྱང་བརྙན་ལམ་ལ་བརྟེན་ཏེ་གནད་དོན་ཁ་ཤས་ཀྱང་འབྱུང་བཞིན་མཆིས་ཏེ། དཔེར་ན་གཞན་གྱི་མཛེས་སྡུག་དང་འཆར་ཡན་སྣ་ཚོགས་ཀྱིས་ཕྱུག་པའི་འཚོ་བའི་གྲུ་ཟུར་རེ་རེ་བརྙན་ལམ་གང་རུང་ནས་མཐོང་བའི་མོད་ལ། སེམས་སུ་འགྲན་རྩོད་དང་མི་བདེ་བ། ཐ་ན་རང་བརྩིའི་བསམ་པ་རྨེག་མེད་དུ་གཏོང་སྲིད་པའི་རྐྱེན་གྱིས། ང་ཚོས་གཞན་གྱི་འཚོ་བའི་དར་རྒུད་ཅི་རིགས་ལ་ཚད་བརྒལ་གྱི་དོ་སྣང་མི་བྱེད་པར། སོ་སོའི་ལུས་སེམས་ཀྱི་བདེ་སྐྱིད་ངོ་མ་ཧུར་གྱིས་འཚོལ་བ་ནི་ཐབས་དམ་པའོ།
འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་མཉམ་དུ། ང་ཚོའི་དངོས་པོའི་དགོས་མཁོ་ཡང་སྣ་མང་རྙོག་འཛིང་ཅན་དུ་འགྱུར་བཞིན་འདུག། དཔེར་ན། མི་རྣམས་ཀྱིས་རྟགས་མ་ཅན་གྱི་ལྭ་བ་དང་རླངས་འཁོར། ཁང་བརྩེགས་མི་འདྲ་བའི་ཕུན་ཚོགས་བཅས་ལ་བརྟེན་ཏེ་རང་ཉིད་ཀྱི་བདེ་སྐྱིད་འཚོལ་བར་བྱེད། ཐ་ན་དངོས་པོའི་དགོས་མཁོ་ཁོ་ནའི་རྐྱེན་གྱིས་ནང་སེམས་ཀྱི་བདེ་སྐྱིད་ཀྱི་སྙིང་བོར་གཙིགས་མཐོང་དེ་འདྲར་མི་བྱེད་ཅིང་། དེའི་ཆེད་དུ་སྲོག་བསྡོས་བྱེད་དགོས་ཀྱང་འཛེམ་དོགས་སྤུ་ཙམ་ཡང་མི་བྱེད། དོན་ལ་ང་ཚོར་མཁོ་བ་ནི་ནང་སེམས་ཀྱི་ལྷིང་འཇགས་དང་ཆོག་ཤེས། བྱམས་བརྩེས་ཁེངས་པའི་སེམས་གཤིས་འབའ་ཞིག་ཡིན་པ་ལས་དངོས་པོའི་དཔལ་ཡོན་ཕོན་ཆེན་མིན་པའི་གནས་ལུགས་སེམས་ཀྱིས་རྟོགས་རྒྱུ་ནི་གལ་ཆེན་པོར་མཐོང་བྱུང་།
རེད་ལགས། དངོས་པོའི་དཔལ་ཡོན་ཇི་ལྟར་གྲ་རྒྱས་སུ་སོང་ནའང་། ང་ཚོའི་གདོང་ན་སྤྲོ་བ་དང་ཡིད་ཚིམ་པའི་རྣམ་འགྱུར་ཅུང་ཙམ་ཡང་མཐོང་རྒྱུ་མི་འདུག་སྟེ། དེ་ནི་དེང་རབས་སྤྱི་ཚོགས་ཁྲོད་མི་རྣམས་ཀྱིས་སོ་སོའི་འཕེལ་རྒྱས་དང་བྱ་བའི་གྲུབ་འབྲས་ལ་དོ་སྣང་ཆེས་ཆེར་བྱས་ཏེ། མིའི་འབྲེལ་འདྲིས་ཀྱི་གལ་ཆེན་རང་བཞིན་སོགས་ཤེད་དུ་བོར་བས་ལན་པས་སྙམ། སྤྱིར་བྱ་བའི་དགོས་དབང་གིས་སོ་སོའི་གནོན་ཤུགས་ཆེ་བ་དོན་དངོས་ལས་ཤེས་ཐུབ་མོད། སོ་སོའི་ཚེ་གཅིག་ལས་ཀྱིས་བསྐོས་པའི་གྲོགས་པོ་དང་གཉེན་ཉེ་འདུ་འཛོམས་སོགས་ཀྱི་དུས་ཚོད་ཉམ་ང་ཉག་ཕྲར་འགྱུར་བཞིན་པ་ཡིས་གྲོགས་ཀྱི་སྐུད་པ་དམ་དུ་སྦྲེལ་རྒྱུ་ནི་དངོས་གནས་གལ་ཆེན་པོར་ཆགས་འདུག། གང་ལྟར་བརྩེ་དུངས་ཀྱི་ཉི་འོད་མེད་པས་ན་ང་ཚོས་བདེ་སྐྱིད་ཀྱི་གསང་གྲངས་རྙེད་པའི་གོ་སྐབས་རྒྱང་ནས་རྒྱང་དུ་ཕྱིན་ཅིང་། འཛུམ་མདངས་དང་ཆོག་ཤེས་ཀྱི་རིན་ཐང་རྒྱབ་ཏུ་གཡུགས་པས། སྡུག་བསྔལ་གྱི་ཆུ་རིས་སྣ་ཚོགས་ཀྱང་ང་ཚོའི་མིག་མདུན་དུ་ཤེད་ཀྱིས་འཁྱུག་ཡོང་།
དུས་ཀྱི་འགྱུར་བ་ཧ་ཅང་སྐྱེན་པའི་ཁ་སང་དེ་རིང་གི་སྐབས་འདིར། ང་ཚོས་ནང་སེམས་ཀྱི་བདེ་སྐྱིད་འཚོལ་བར་སྐྱོ་མེད་འཇུག་འོས་ཏེ། ཐོག་མར་རང་ཉིད་ཀྱི་འཚོ་བའི་གོམ་འགྲོས་ཇེ་དལ་དུ་གཏོང་དགོས་ལ། ནམ་རྒྱུན་རང་ཉིད་ཀྱི་སེམས་ཁམས་ལྷོད་ལ་འབབ་པའི་དུས་ཚོད་ཀྱང་འདང་ངེས་ཤིག་མཁོ། དེ་ལས་གཞན་འགྲན་རྩོད་སྣ་ཚོགས་བྱེད་པའི་བྱ་སྤྱོད་ཡན་གར་ཚོད་འཛིན་བྱས་ཏེ། སོ་སོའི་སེམས་ཀྱི་ཆོག་ཤེས་དང་མིའི་འབྲེལ་འདྲིས་ཀྱི་ཟམ་པ་འཛུགས་པ་སོགས་གལ་ཆེན་དུ་བཟུང་ན། ང་ཚོས་གཞི་ནས་འཚོ་བས་བསྩལ་བའི་ཉི་འོད་ཀྱི་ཟེར་མ་རེ་རེ་ལོངས་སུ་སྤྱོད་ཐུབ་ཅིང་། བདེ་སྐྱིད་ཀྱི་གསང་གྲངས་ཀྱང་ཞར་ལ་རྙེད་པ་ནི་ཆོས་ཉིད་ཡིན་ནོ།།
མདོར་དྲིལ་ན། དངོས་པོའི་དཔལ་ཡོན་ཆེས་ཆེར་དར་བའི་སྐབས་འདིར་ང་ཚོའི་སེམས་ཀྱི་གྲུ་ཟུར་གང་རུང་ན་ཡིད་མི་ཚིམ་པའི་ཆ་ཞིག་མངོན་ཡོང་བ་ནི་དངོས་གནས་བསམ་བློ་གཏོང་དགོས་པ་ཞིག་རེད།འདིའི་རྒྱུ་མཚན་ཡང་བྲེལ་ཟིང་གི་འཚོ་བའི་གོམ་འགྲོས་དང་སྨྱན་བྱད་སྣ་ཚོགས་ཀྱི་ཤུགས་རྐྱེན། དེ་བཞིན་དངོས་པོའི་དཔལ་ཡོན་གྱི་བསླུ་བྲིད་སྣ་ཚོགས་ཀྱིས་བསྐྱེད་པའི་སྡུག་བསྔལ་དང་དམ་དུ་འབྲེལ་ཡོད་པར་སྣང་། དེའི་རྐྱེན་གྱིས་ང་ཚོས་ནང་སེམས་ཀྱི་འཇིག་རྟེན་ལ་བྱབས་ཁྲུས་དང་འཚོ་བའི་རྣམ་པ་ལེགས་ལམ་དུ་དཀྲི་བ། མ་ཟད་སེམས་ཀྱི་ཆོག་ཤེས་དང་མིའི་འབྲེལ་འདྲིས་ཀྱི་འཇོན་ནུས་སོགས་ལ་མཐོང་ཆེན་བླ་ལྷག་ཏུ་བྱས་ན། ད་གཟོད་བདེ་སྐྱིད་ཀྱི་གསང་གྲངས་ནམ་ཞིག་ཁྱེད་ཀྱི་གམ་དུ་ལོག་སྲིད་པས། སྐྱེ་བོ་ཀུན་གྱིས་སེམས་ཀྱི་འཇིག་རྟེན་ལ་དོ་སྣང་ཡང་ཡང་བྱེད་པ་ནི། བདེ་སྐྱིད་ཀྱི་གསང་གྲངས་ལག་ཏུ་ལེན་པ་དང་ཧ་ཅང་འདྲའོ།།
རྩོམ་གསར། 10