( ལྷ་འཛོམས་ཀྱིས་བསྒྱུར།) 2025-10-24
སྤྱི་ཟླ10ཚེས20ཉིན་ནས་ཚེས21ཉིན་བར“ལོ་ངོ་དོན་ལྔ་འོད་སྟོང་རབ་ཏུ་འཕྲོས། དཀར་མཛེས་གསར་པ་བསྐྲུན་པར་འབད་པ་བསྐྱེད།”ཞེས་པའི་ཀྲུང་དབྱང་དང་ཞིང་ཆེན་གྱི་གཙོ་རྒྱུན་འཕྲིན་སྦྱོར་ཁག་གཉིས་པའི་གཙོ་དོན་བཅར་འདྲི་བྱེད་སྒོ་རང་ཁུལ་དུ་དངོས་སུ་སྤེལ་འགོ་བཙུགས་པ་རེད། མི་དམངས་ཉིན་རེའི་ཚགས་པར་ཁང་དང་ཀྲུང་གོ་གསར་འགྱུར་ཁང་། ལྒང་འཁོར་དྲ་བ། ཐོན་འཕྲིན་དྲ་བ། སི་ཁྲོན་ཉིན་རེའི་ཚགས་པར་ཁང་། སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ཁང་། སི་ཁྲོན་རྒྱལ་སྤྱིའི་ཁྱབ་སྤེལ་ལྟེ་གནས། སི་ཁྲོན་གསར་འགྱུར་དྲ་བ། ཁམས་པའི་བརྙན་འཕྲིན་ཁང་། སི་ཁྲོན་དཔལ་འབྱོར་ཉིན་རེའི་ཚགས་པར་ཁང་སོགས་ཀྲུང་དབྱང་དང་ཞིང་ཆེན་འཕྲིན་སྦྱོར(ལས་སྟེགས)གྱི་གསར་འགོད་པ་རང་ཁུལ་དུ་འཛོམས་ནས་དཀར་མཛེས་ཁུལ་ལ་རྒྱུས་ལོན་ཟབ་མོ་བྱས་ཤིང་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་གཏམ་རྒྱུད་ཟིན་ཐོར་བཀོད་པ་རེད།
བཅར་འདྲི་ཚོགས་པ་རོང་བྲག་རྫོང་དུ་སླེབས་དུས། མཆོད་རྟེན་དཀར་པོའི་ལྗོངས་སྟེགས་ནས་རོང་བྲག་རྫོང་གི་མཛེས་ལྗོངས་ལ་བལྟས་ཤིང་། བདེ་སྐྱིད་གནས་ཚང་ལ་བཅར་འདྲི་ཞིབ་ཚགས་བྱས་ཤིང་། བོད་སྤོས་དང་བོད་ཤོག། རྔ། འཚེམ་དྲུབ་སོགས་གཟུགས་མེད་རིག་གནས་ཤུལ་བཞག་རྣམ་གྲངས་ལ་དངོས་སུ་མྱོང་རོལ་བྱས་ཤིང《ནར་སོན་པའི་ཆོ་ག། སྐྲ་ཤིང་བཅིངས་པ》ཞེས་པའི་དངོས་བཤུས་ཟློས་གར་ལ་བལྟས་ཤིང་། གསར་འགོད་པ་ཚོས་གནས་ཚུལ་ཞིབ་ཕྲ་བརྙན་དང་ཡི་གེར་ཕབ་ནས་རོང་བྲག་རྫོང་གིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་དཔལ་འབྱོར་འཚོལ་སྒྲུབ་བྱས་ནས་ཡུལ་མིའི་ཡོང་འབབ་སྤར་བར་སྐུལ་ཁྲིད་བྱས་ཚུལ་རྒྱུས་ལོན་གསལ་རྟོགས་བྱས་པ་རེད།
རོང་བྲག་མཐོ་རིམ་སློབ་འབྲིང་དུ་ཁྲེང་ཏུའུ་སློབ་འབྲིང་བདུན་པའི་རྒྱང་བསྟེན་དྲ་བའི་ཐད་གཏོང་རིག་ཚན་དང་རྩིས་ཚན་འཛིན་གྲྭའི་འཆར་ཤེལ་ངོས་ནས་བརྒྱུད་གཏོང་བྱས་ཤིང་།“སྤྱོད་བཟང་འཛིན་གྲྭ”ཡི་སློབ་ཚན་ནང་རོགས་རམ་ཡོང་མཁན་དགེ་རྒན་གྱིས་ངང་རྒྱུད་རིང་པོས་སློབ་ཁྲིད་བྱེད་བཞིན་ཡོད། རིག་གནས་སློབ་ཚན་ཕུད། སློབ་གྲྭས་ད་དུང་མཛེས་རྩལ་དང་ལུས་རྩལ། བོད་ཡིག་སོགས་སྣ་མང་ཅན་གྱི་སྤྲོ་སྣང་འཛིན་གྲྭ་བཙུགས་ནས་སློབ་མ་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱས་ཡོད།
ཉིན་འགའི་རིང་གསར་འགོད་པ་ཚོས་རོང་བྲག་དང་དར་མདོ་ས་གནས་གཉིས་ཀྱི་སྐྱེ་ཁམས་དང་རིག་གནས་ཡུལ་སྐོར། ཡུལ་སྡེ་དར་རྒྱས་སོགས་ཁྱབ་ཁོངས་ཀྱི་ལག་ལེན་གྲུབ་འབྲས་ལ་ཡུལ་དངོས་ནས་བཅར་འདྲི་བྱས་ཤིང་། དཀར་མཛེས་ཁུལ་གྱི་ལོ་ངོ་དོན་ལྔའི་རིང་གི་འཕེལ་རྒྱས་གྲུབ་འབྲས་ལ་རྒྱུས་ལོན་བྱས་ཤིང་དཀར་མཛེས་ཁུལ་གྱི་དུས་རབས་གསར་པའི་འཕེལ་རྒྱས་ཟིན་ཐོར་བཀོད་པ་རེད།
སླད་ཕྱིན་གྱི་ཉིན་འགའི་ནང་བྱེད་སྒོ་དེ་ལྕགས་ཟམ་ཁ་དང་དུང་དཀར་ལུང་པ། བརྒྱད་ཟིལ་སོགས་སུ་གཅིག་རྗེས་གཉིས་མཐུད་དུ་སྤེལ་ནས་འཚམས་འདྲིའི་ཁྲོད་ཀྱི་མཐོང་ཐོས་དང་བསམ་གཞིག། ཚོར་བ་བཅས་ཟབ་ཚད་ཡོད་ལ་སྟོབས་ཤུགས་ལྡན་པའི་གསར་འགྱུར་རེ་རེ་བཞིན་དུ་བྲིས་ནས་མི་དེ་བས་མང་པོས་ཡི་གེ་དང་རི་མོ་བརྒྱུད་ནས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ཤེས་སུ་འཇུག་རྒྱུ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10