2025-10-10
ལྷ་བཟོ་ཆོས་མཚོ་དང་མོའི་ཐང་ག་སྒྱུ་རྩལ་ལ་སྙེག་པའི་ལོ་ཟླ།
ཆོས་མཚོས་ཐང་ག་འབྲི་བཞིན་པ།
འབྲས་ལྡན་ཁུར་གྱིས་དུད་པའི་སྟོན་ཟླ་བརྒྱད་པར། སེམས་ཀྱི་ཉི་ཟླའི་ཡུལ་གྲུ་རིང་མོའི་རི་ལུང་ཀུན་ཏུ་སྒེག་ལྡན་སྟོན་གྱི་དུས་བཟང་སླེབས་འདུག། བཅུད་ལྡན་འབྲུ་དྲུག་གི་གསེར་གྱི་སྙེ་མ་ཐུར་དུ་དཔྱངས་པ་དང་། མཛེས་པའི་རྩྭ་ཐང་གསེར་མདོག་གོས་ཀྱིས་བརྒྱན་པ་དང་། སྣོད་བཅུད་ཀྱི་མཛེས་ལྗོངས་འདིས་ཡུལ་སྐོར་བའི་ཡིད་ཀྱི་དང་བ་འདྲེན། འདི་ལས་གཞན་སེམས་ཀྱི་ཉི་ཟླ་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་གྱི་གཡོན་ཕྱོགས་ཀྱི་གྲུ་ཟུར་ཞིག་ཏུ་ཆགས་པའི་ཐང་ག་སྒྱུ་རྩལ་ཁང་དུ་ཡང་ཡུལ་སྐོར་བ་རྣམས་ཆེས་འགྲོ་དགའ་ཤོས་ཀྱི་གནས་ཤིག་གྱུར་ཡོད། ཡུལ་སྐོར་བ་འགའ་རེས་ཐང་ག་སྒྱུ་རྩལ་ཁང་དུ་བློ་གཅིག་སེམས་གཅིག་གིས་ཐང་ག་འབྲི་སྦྱོང་ལ་རོལ་མྱོང་བྱེད་བཞིན་ཡོད། ལྷ་བཟོ་ཆོས་མཚོས་ཡུལ་སྐོར་བ་ལ་ཐིག་རྩ་ཇི་ལྟར་འབྲི་དགོས་པ་དང་ཚོན་ཇི་ལྟར་གཏོང་དགོས་སྟངས་ནན་ཏན་གྱིས་འཁྲིད་བཞིན་ཡོད། ཐང་ག་སྒྱུ་རྩལ་ཁང་གི་ཕྱོགས་བཞིར་ལྷ་བཟོ་ཆོས་མཚོ་ལོ་ངོ་འདི་དག་ལ་བླངས་པའི་བྱ་དགའི་གཟེངས་རྟགས་སྣ་ཚོགས་དང་མོའི་སོར་རྩེ་ནས་འཁྲུངས་པའི་ཐང་གའི་བརྩམས་ཆོས་སྣ་ཚོགས་བཤམས་ཡོད་པས། སྒྱུ་རྩལ་གྱི་བང་མཛོད་འདི་ནི་ཡུལ་སྐོར་བ་རྣམས་ཀྱིས་མི་རིགས་རིག་གནས་ལ་ཉམས་ལེན་བྱེད་སའི་བསམ་པའི་རྒྱགས་ཕྱེ་ལྟ་བུར་གྱུར་འདུག།
ལོ་བཅུའི་འབད་བརྩོན་གྱིས་དགའ་འོས་པའི་འབྲས་བཟང་སྨིན།།
ལྷ་བཟོ་ཆོས་མཚོ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ནས་ཡིན། ཆུང་དུས་ནས་རི་མོ་འབྲི་རྒྱུར་ཤིན་ཏུ་དགའ། བསོད་ནམས་བཟང་པོ་དུས་སུ་སྨིན་ནས་མོ་རང་ཆུང་དུས་སུ་མཚོ་སྔོན་དུ་སོང་ནས་ལོ་ལྔ་དྲུག་ཙམ་ལ་ཐང་ག་འབྲི་སྦྱང་བྱས་པའི་གོ་སྐབས་བཟང་པོ་ཐོབ་པ་རེད། ཐང་གའི་དགེ་རྒན་གྱི་དྲུང་ནས་དཀའ་སྤྱད་འབད་བརྩོན་གྱིས་ཐང་གའི་རས་གཞི་བརྡར་སྟངས་དང་། ཐིག་རྩ་འབྲི་སྟངས། རྡུལ་ཚོན་བཏུལ་སྟངས། ཚོན་རྒྱག་སྟངས་སོགས་སྦྱངས་ནས་ཕྱིར་རང་གི་ཕ་ཡུལ་དུ་ལོག། ལོ་གང་མང་རིང་ལས་གཏོད་ཀྱི་ལམ་ལ་འབད། ཟ་ཁང་དང་མགྲོན་ཁང་སོགས་ཕྱེ་ནས་ཁྱིང་ཚང་གི་ཡོང་འབབ་བཙལ། འོན་ཀྱང་རང་གི་ཐོག་མའི་བསམ་འདུན་དེ་ལྷ་བཟོ་ཞིག་བྱ་རྒྱུའི་ཕུགས་བསམ་བཟང་པོ་དེ་མ་དོར་བར། རང་ལ་ཁོམ་ལོང་ཡོད་དུས་སུ་མུ་མཐུད་དུ་ཐང་ག་འབྲི་བ་དང་། པིར་སྨྱུག་དང་ཚོན་སོགས་ཉོས་ནས་ཕུགས་བསམ་མངོན་འགྱུར་བྱུང་བར་འབད་འབུངས་གང་མང་བྱས། 2022ལོར་མོས་རྡོ་མཁར་རྫོང་དུ་ཐང་ག་སྒྱུ་རྩལ་ཁང་ཞིག་བཙུགས་པ་དང་། 2023ལོར་ཁུལ་རིམ་པའི་ཐང་ག་སྒྱུ་རྩལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པར་བསྐོས་པ། འདི་ནི་བདེ་ཆེན་ཁུལ་གྱི་ཐང་གའི་བརྒྱུད་འཛིན་པ་བུད་མེད་གཅིག་པུར་གྱུར་པ་རེད། མོས་སོར་རྩེར་ལས་བཞེངས་བསྐྲུན་བྱས་པའི་བརྩམས་ཆོས《བདེ་ཆེན་ཕོ་བྲང》སོགས་ལ་ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་སྟེང་བྱ་དགའ་གང་མང་ཐོབ་ལ། ཡུན་ནན་ཞིང་ཆེན་ཡོངས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་དང་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སོགས་སུ་ཞུགས་ནས་ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་ཡུན་ནན་ཞིང་ཆེན་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཀྱིས་བྱ་དགའ་གང་མང་གནང་བ་རེད།
གནའ་དེང་ཟུང་འབྲེལ་གྱིས་བརྒྱུད་འཛིན་པའི་ལས་ལ་འབད།།
ཆོས་མཚོས་ཐང་ག་ནི་མཆོད་རྫས་གལ་ཆེན་ཞིག་ཡིན་པར་མ་ཟད། བོད་ཀྱི་རིག་གནས་དང་མཛེས་དཔྱོད་རིག་པའི་སྒྱུ་རྩལ་གྱི་གཅེས་ནོར་ཞིག་ཀྱང་ཡིན། གནའ་བོའི་སྒྱུ་རྩལ་བཟང་པོ་འདི་མི་དེ་བས་མང་པོས་རྒྱུས་ལོན་བྱ་ཆེད། མོས་རང་ཉིད་ཀྱི་ཐང་གའི་ཉམས་ལེན་ཁང་སྟེ་ཐང་ག་སྒྱུ་རྩལ་ཁང་འདི་གསར་དུ་བཙུགས་ནས་སྒོ་ཕྱེ་ཞིང་། མོས་སྲོལ་རྒྱུན་གྱི་ལག་རྩལ་དེ་གསོན་ཉམས་ལྡན་ཞིང་སྤྲོ་སྣང་ལྡན་པའི་སློབ་ཚན་ཞིག་ཏུ་བསྒྱུར། བྱེད་སྟངས་འདི་རིགས་ཀྱིས་ཐང་གའི་ཤེས་བྱ་ཁྱབ་གདལ་བཏང་བར་མ་ཟད། མི་དེ་བས་མང་པོར་སྒྱུ་རྩལ་འདིར་དགའ་པོ་བྱེད་མཁན་དང་ཁྱབ་སྤེལ་གཏོང་མཁན་ཞིག་ཏུའང་གྱུར་ཡོད། རང་མི་རིགས་ཀྱི་རིག་གནས་ཀྱང་རང་གི་ནུས་ཚོད་ཀྱིས་དྲིལ་བསྒྲགས་བྱས་པ་ཞིག་ཀྱང་རེད། ཀྲེ་ཅང་ནས་ཡོང་བའི་ཡུལ་སྐོར་བ་ལྕམ་མོ་ཡུས་ཀྱིས་བློ་སེམས་གཅིག་སྒྲིམ་གྱིས་དུང་དཀར་ལ་ཚོན་གཏོང་བཞིན་འདུག། མོས་ཐེངས་དང་པོ་སེམས་ཀྱི་ཉི་ཟླར་ཡུལ་སྐོར་དུ་འོང་བ་ཡིན། དྲྭ་ངོས་སུ་སེམས་ཀྱི་ཉི་ཟླར་སླེབས་ནས་ངེས་པར་དུ་ཐང་ག་སྒྱུ་རྩལ་ཁང་དུ་སོང་ནས་ཐང་ག་འབྲི་རྒྱུ་ཉམས་ལེན་བྱེད་དགོས་ཞེས་ངོ་སྤྲོད་མང་པོ་རྒྱབ་ཡོད། དེ་རིང་ངས་ཆེད་དུ་གནས་འདི་རུ་ཡོང་བ་ཡིན། མོ་ལ་མཚོན་ན་ཐོག་དང་པོ་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱས་པར་མ་ཟད། ཐང་ག་ཡང་ཐེངས་དང་པོ་བྲིས་པ་ཡིན། ངས་དུས་ཚོད་ཐུང་ཐུང་གི་ནང་དུ་ཐང་ག་ནི་ཇི་ལྟ་བུ་ཞིག་ཡིན་པ་དང་རིས་གཞི་ནི་ཅི་ཡིན་པ། པིར་སྨྱུག་ལ་བརྟེན་ནས་ཚོན་ཅི་ལྟར་གཏོང་བ་སོགས་ལ་རྒྱུས་ལོན་བྱས་པར་མ་ཟད། རང་ཉིད་ཀྱིས་བྲིས་པའི་ཐང་ག་ཞིག་ཀྱང་ཡོད་པས་དངོས་ནས་དོན་སྙིང་ལྡན་ལ། སེམས་ལ་ཡང་ཧ་ཅང་སྐྱིད་སོང་ཞེས་བཤད་བྱུང་།
ཧྲང་ཧའེ་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ཀྲང་བཟའ་ཟླ་གཉིས་ཀྱིས་ཀྱང་བཀྲ་ཤིས་རྟགས་བརྒྱད་ལས་དུང་དཀར་ལ་ཚོན་གཏོང་བཞིན་འདུག། ཁོ་བཟའ་ཟླ་གཉིས་ཀྱིས་དུས་ཚོད3ཙམ་རིང་སྒྱུ་རྩལ་ཁང་དུ་ཐང་ག་ཉམས་ལེན་ལ་ཞུགས་པ་རེད། སྐུ་ཞབས་ཡུས་ཀྱིས་ཐེངས་དང་པོར་ཐང་ག་བྲིས་པ་ཡིན། ཉམས་ལེན་གྱི་ཚོར་བ་ཤིན་ཏུ་བཟང་། དུས་ཚོད་ཐུང་ཐུང་ནང་དུ་ཐང་ག་ལ་རྒྱུས་ལོན་བྱས་པ་ཡིན། རྗེས་ཕྱོགས་ད་དུང་ཐང་ག་འབྲི་རྒྱུར་ཉམས་ལེན་བྱེད་ན་འདོད་ཅེས་བཤད་བྱུང་། ལོ་འདི་དག་ག་ས་གང་དུ་ཞིབ་འཇུག་སློབ་སྦྱོང་གི་ཚ་རླབས་འཕྱུར་འདུག། ཐང་ག་སྒྱུ་རྩལ་ཁང་དུའང་ཞིབ་འཇུག་སློབ་སྦྱོང་དུ་ཡོང་མཁན་གྱི་སློབ་མ་ཤིན་ཏུ་མང་། “འོ་ཡ་ཡ། སློབ་མ་དུ་ཡོད། སློབ་མ80ཡོད་ན་ཁག་གཉིས་བགོས་ནས་ཐང་ག་འབྲི་དགོས། སང་ཉིན་འདིར་ཡོང་ན་ཆོག”ཅེས་ཆོས་མཚོས་ཁ་པར་ནང་ནས་མགྲོན་པོ་ཞིག་ལ་སྐད་འཇོག་བཞིན་འདུག། ཆོས་མཚོས་སྒྱུ་རྩལ་ཁང་དུ་ཞང་ཀང་སློབ་ཆེན་དང་ཡུན་ནན་སློབ་ཆེན་སོགས་ཀྱི་སློབ་མས་གནས་འདིར་ཞིབ་འཇུག་སློབ་སྦྱོང་དུ་ཡོང་ཡོད། ཁོ་ཚོ་བོད་ཀྱི་རིག་གནས་ལ་དགའ་ཞེན་ཆེ། སང་ཉིན་ཡང་ས་དམ་ནས་སློབ་མ80ཙམ་གནས་འདིར་ཡོང་རྒྱུ་རེད། ངས་གྲ་སྒྲིག་ལེགས་པོ་བྱ་དགོས། རང་གི་སྒྱུ་རྩལ་ཁང་ཆུང་ཆུང་འདི་རྒྱང་རིང་གི་སྐུ་མགྲོན་ཚོས་སེམས་ཀྱི་ཉི་ཟླའི་དམངས་སྲོལ་རིག་གནས་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ལ་རྒྱུས་ལོན་བྱ་སའི་སྐར་ཁུང་ལྟ་བུ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་ཀྱི་ཡོད་ཅེས་བཤད་བྱུང་།
སྒྱུ་རྩལ་རིན་ཐང་གིས་མི་ཡུལ་ལ་འོད་སྣང་བསྩལ།
ཆོས་མཚོ་ཡིས་རང་ནུས་གང་ཡོད་ལ་བརྟེན་ནས་རང་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱས་པ་དང་བསྟུན་ནས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་བརྗེད་མེད། 2023ལོར་མོ་བདེ་ཆེན་ཁུལ་གྱི་བུད་མེད་ཚོང་ཚོགས་ཀྱི་ལས་འཛིན་དུ་བསྐོས། ལོ་གང་མང་རིང་སྤྱི་ཕན་བྱ་གཞག་ནང་ཞུགས། མོས་བཟའ་འཁོར་རེར་ཐེངས་གཉིས་ལ་སེམས་ཀྱི་ཉི་ཟླ་དམིགས་བསལ་སློབ་གླིང་དུ་བྱིས་པ་རྣམས་ལ་ཐང་ག་སློབ་པར་འགྲོ་བཞིན་ཡོད། བྱིས་པ་འདི་དག་གི་ཁྲོད་བོད་རིགས་ཕུད། ལི་སུའུ་རིགས་དང་འཇང་རིགས་སོགས་མི་རིགས་གཞན་དག་གི་སློབ་མ་ཡང་ཡོད། ཐང་ག་སློབ་རྒྱུའང་ཧ་ཅང་དགའ་པོ་འདུག། མོས་ཁྲིད་པའི་སློབ་བུ་ཁྲོད་སློབ་བུ་རེ་འགས་སློབ་མཐར་ཕྱིན་རྗེས་ལས་རིགས་ལག་རྩལ་སློབ་གྲྭ་རུ་རི་མོའི་ཆེད་ལས་སྦྱངས་མཁན་ཡང་འདུག། ཁོ་ཚོའི་རྗེས་ཕྱོགས་ཀྱི་འཚོ་བར་ཕན་པ་རེ་ཐོབ་ནས་དངོས་ནས་ང་རང་གིས་རྒྱུན་འཁྱོངས་བྱས་པའི་བྱ་བ་འདིའང་དོན་སྙིང་ལྡན་པས་སེམས་འགུལ་ཐེབས་པ་ཞིག་ཀྱང་རེད་ཅེས་བཤད་བྱུང་། ལོ་འདི་དག་གི་རིང་ཆོས་མཚོས་ཀྱང་སྤྱི་ཚོགས་སྟེང་གི་སློབ་མ་མང་པོ་བརྐྱངས་པ་རེད། འདིའི་ཁྲོད་བོད་ལྗོངས་སྨར་ཁམས་ཀྱི་སློབ་མ་ཡང་ཡོད། མོའི་སློབ་བུ་ཞིག་ཀྱང་ཐང་ག་སྦྱངས་ནས་ད་ལྟ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཐང་གའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་མཁན་དུ་ཡིག་ཐོག་སྙན་ཞུ་བྱེད་བཞིན་ཡོད་པ་རེད། གཞན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སློབ་འབྲིང་གསུམ་པ་དང་། ཁུལ་མི་རིགས་སློབ་འབྲིང་སོགས་སུ་སྤྱི་ཕན་རང་བཞིན་གྱི་སློབ་ཁྲིད་བྱེད་བཞིན་ཡོད། མ་འོངས་པ་གླེང་སྐབས་ཆོས་མཚོའི་གདོང་ལ་འཛུམ་གྱིས་ཁེངས་འདུག། མོས་ད་ལྟའི་འབྲས་བུ་འདི་དག་ནི་རང་གི་ཧུར་བརྩོན་ཕུད་རྒྱལ་ཁབ་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་ཐུགས་ཁུར་དང་ཁ་བྲལ་ཐབས་མེད། ལོ་འདི་དག་རིང་རང་ཉིད་ཀྱིས་དབྱིན་ཇི་དང་འབར་མ་སོགས་ཕྱི་རྒྱལ་དང་། པེ་ཅིང་དང་ཧྲང་ཧའེ། ཀོང་ཀྲོའུ་སོགས་གྲོང་ཁྱེར་དུ་བརྩམས་ཆོས་འགྲེམ་སྟོན་ལ་ཐེངས་གང་མང་ཕྱིན་ཡོད། རང་གི་ལྟ་རྒྱ་ཐོས་རྒྱའང་ཇེ་ཆེར་སོང་བར་མ་ཟད། རྒྱ་ཆེ་བའི་གར་སྟེགས་སུ་རང་ཉིད་ངོ་སྤྲོད་བྱེད་པའི་སྐལ་བའང་ལྡན་བྱུང་། ང་རང་ཉིད་ཀྱིས་ཀྱང་རྒྱལ་ཁབ་ཀྱི་དྲིན་མི་བརྗེད་པར་རང་ནུས་ཅི་ཡོད་ཀྱིས་སྤྱི་ཚོགས་སྟེང་སྤྱི་ཕན་བྱ་གཞག་བསྒྲུབ་རྒྱུ་ཡིན། རང་གི་བུ་མོ་ཡང་ཆུང་དུས་ནས་ཐང་ག་འབྲི་རྒྱུར་དགའ། ད་ལྟ་བུ་མོ་ཡང་མཛེས་རྩལ་ཕྱོགས་ཀྱི་ཆེད་ལས་སྦྱངས་བཞིན་ཡོད། ང་རང་གི་ཕུགས་བསམ་ནི་བུ་མོས་མ་འོངས་པར་རང་གིས་སྦྱངས་པའི་ཆེད་ལས་ལ་བརྟེན་ནས་བོད་ཀྱི་རིག་གནས་འདི་མུ་མཐུད་དུ་རྒྱུན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དེ་ཡིན། མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་ངོ་ལ་འཛུམ་གྱིས་ཁེངས་ནས་བཤད་བྱུང་།།
པད་མ་མཚོས་བྲིས་ཤིང་པར་བླངས།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10