2025-09-25
ཉེ་ཆར། གསར་འགོད་པས2025ལོའི་སྐབས22པའི་ཀྲུང་གོ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དངོས་མང་བཤམས་སྟོན་འདུ་ཚོགས་ཀྱི་མ་འཇོག་ཉོ་ཚོང་སྐུལ་འདེད་བྱེད་སྒོའི་སྐྱེ་ཁམས་ཐོག་མའི་ཐོན་ཡུལ་སྲུང་སྐྱོང(PEOP)གིས་ཀྲུང་གོ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ས་ཁོངས་ཀྱི་དཔལ་འབྱོར་སྐྱེ་ཁམས་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་གྲོས་ཚོགས་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉག་ཆུ་རྫོང་ལ་ཀྲུང་གོའི་རྒྱལ་མཚམས་ནས་འགྲོ་འོང་ཞིབ་བཤེར་རིམས་བཤེར་མཐུན་ཚོགས་ཀྱིས“སྐྱེ་ཁམས་ཐོན་ཡུལ་ཐོན་རྫས་སྲུང་སྐྱོང་ཁུལ”ཞེས་པའི་མཚན་སྙན་སྤྲད་ཡོད་པ་དང་། ཉག་ཆུ་བེ་ཤ་དང་ཉག་ཆུ་གླ་བ་ཤ་མོ། ཉག་ཆུ་སུར་པན། ཉག་ཆུ་ཡུང་མ། ཉག་ཆུ་གནག་ཕྱུགས། ཉག་ཆུ་ནས་སོགས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་དྲུག་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཐོན་ཡུལ་ཐོན་རྫས་སྲུང་སྐྱོང་དཔྱད་འདེམས་གཏན་འབེབས་བྱས་པ་རེད།
ཉག་ཆུ་རྫོང་ལ་རང་བྱུང་སྐྱེ་ཁམས་ཆ་རྐྱེན་དམིགས་བསལ་ལྡན་པ་དང་རྫོང་ཁོངས་ཀྱི་ནགས་ཚལ་ཁེབས་ཚད་བརྒྱ་ཆ53.6ལ་ཟིན་ཞིང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ནགས་ཚལ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོང་ཁུལ6ཡོད་པ་དེ་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་འགོག་སྲུང་གལ་ཆེན་ཞིག་ཡིན་པ་རེད། ཐེངས་འདིའི“སྐྱེ་ཁམས་ཐོན་ཡུལ་ཐོན་རྫས་སྲུང་སྐྱོང་ཁུལ”ལ་དཔྱད་འདེམས་བྱས་པ་དང་དེའི་ཐོག་ནས་ཉག་ཆུ་རྫོང་གི་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཁྲོད་འགག་རྩའི་གོམ་པ་ཞིག་སྤོས་པ་མཚོན། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དངོས་མང་སྟོན་ཚོགས་ཀྱི་ལེ་ལག་ཚང་བའི་བྱེད་སྒོ་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཐེངས་འདིའི་ཚོགས་འདུར་སྐྱེ་ཁམས་ཐོག་མའི་ཐོན་ཡུལ་སྲུང་སྐྱོང་གིས་ས་ཁོངས་དཔལ་འབྱོར་མཉམ་ལས་ལ་བསྐུལ་བའི་ནུས་པར་དམིགས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཉག་ཆུ་རྫོང་གིས“ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སྐྱེ་ཁམས་ཞིང་ལས་ཐོན་རྫས་ཉོ་ཚོང་ལྟེ་གནས”གྲ་སྒྲིག་བྱེད་བཞིན་ཡོད་པ་དེའི་དམིགས་འབེན་ནི་གྲང་སྦྲེལ་ཟོང་འགྲུལ་དང་། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་སོགས་ཀྱི་རྣམ་པ་བརྒྱུད་མཐོ་སྒང་གི་སྐྱེ་ཁམས་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་ཁྱབ་གདལ་གཏང་རྒྱུ་དེ་རེད། ཉེ་བའི་ལོ་ཤས་རིང་། ཉག་ཆུ་རྫོང་གིས“སྐྱེ་ཁམས་རྫོང་འཛུགས”པའི་འཐབ་ཇུས་རྒྱུན་འཁྱོངས་ནས། PEOPདང་སྐྱེ་ལྡན་ཁས་ལེན་སོགས་ཀྱི་བྱ་ཐབས་བརྒྱུད་ནས་སྐྱེ་ཁམས་དང་ཞིང་ལས། རིག་གནས་ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་བསྐྲུན་པ་རེད། གྲངས་གཞི་ལས་མངོན་པ་ལྟར་ན། 2024ལོར་ཉག་ཆུ་རྫོང་གི་སྐྱེ་ཁམས་ཞིང་ལས་ཐོན་རྫས་ཀྱི་ཐོན་རྫས་རིན་ཐང་དུས་མཚུངས་ལས་བརྒྱ་ཆ22འཕར་ནས་ཞིང་ལས་དང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར3000ལས་བརྒལ་བར་སྐུལ་ཁྲིད་བྱས་པ་རེད།།
ལོ་ཙཱ། བདེ་སྐྱིད་ཀྱིས་བསྒྱུར།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10