༼ ཉག་ཕྲན། ༽ 2025-09-25
ང་རང་སློབ་གླིང་འདིའི་པང་ན་དཀའ་སྡུག་གིས་གསོན་པའི་ཚེ་སྲོག་ཉག་ཕྲ་བ་ཞིག་ཡིན། ངའི་མི་ལོ་ཉི་ཤུའི་དུས་ཚོད་དང་ལང་ཚོ་རླུང་གིས་ཁྱེར་ཏེ། ང་ལ་འགྱོད་གདུང་དང་དྲན་གདུང་ལས་ཅི་ཡང་ལྷག་མེད། ངས་སྟོན་མཇུག་གི་ཤིང་སྡོང་སྐམ་པོར་རྡོག་ཐོས་བརྒྱབ་པས། སེར་ལམ་ལམ་གྱི་ལོ་མ་དག་སྐྱོ་གདུང་གིས་ས་ལ་ཐོར་བས། ངའི་སེམས་ནང་དུ་ཁེར་རྐྱང་གི་བཞད།
ཁ་བ། གྲང་རེག་གི་མིག་ཆུ་སྟེ། ལོ་མ་ནི་ཁ་བའི་གཟུགས་བརྙན་ཡིན། མ་ཡུམ་གྱི་མཁའ་དབྱིངས་ནས་སྙིང་དུ་སྡུག་པའི་ལོ་མ་འགའ་ངའི་དྲོད་འཇམ་གྱི་ལག་མཐིལ་ཏུ་ལྷུང་དུས། ང་ལ་སྔ་ན་མེད་པའི་བདེ་སྐྱིད་ཀྱི་དྲོད་ཁོལ་ཞིག་སྦྱིན་ཞིང་། ངའི་ཁེར་རྐྱང་གི་གདུང་བའང་སེལ། ངས་ཡུན་ཐུང་གི་བདེ་བ་དེ་ནང་སེམས་ཀྱི་རྡོ་རིང་ལ་བརྐོས་ཤིང་། དེ་ལ་བསྟོད་གཞས་བླངས། སྙན་ངག་གྱེར། ངའི་སྙན་ངག་གི་སྐྱེད་ཚལ་དུ་ལོ་མ་དཀར་པོ་ཡིན། དེ་ནི་རང་མི་རིགས་ཀྱི་ལྷག་བསམ་ཡིན།སྐབས་ལ་ལར་ལོ་མ་དམར་པོའང་ཡིན། དེ་ནི་རང་རིགས་ཀྱི་འདས་ཟིན་གྱི་ལོ་རྒྱུས་ཡིན་ལ་མ་འོངས་འཕེལ་རྒྱས་ཀྱི་ལམ་ཁར་འཇུག་པའི་སྐུལ་ལྕག་གི་ང་རོའང་ཡིན།
སྟོན་ཁ། ཕུན་ཚོགས་ཀྱི་འབྲས་བུས་དུད་ཅིང་གཡང་དཀར་གྱི་བལ་ཁ་འཇམ་པ། རྟ་ཕོ་ཡི་རྒྱུག་རྩལ་ངོམ་པའི་རྫོགས་ལྡན་གྱི་དུས་ཚིགས་ཤིག། སྟོན་ཁ། ས་གཞིས་གསེར་མདོག་གི་རྒྱན་གོས་མནབས། ནམ་མཁར་གསེར་མདངས་ཀྱི་ཉི་འོད་ཤར། བདེ་སྐྱིད་ཀྱི་ཉི་འོད་ལམ་ལམ་འཕྲོས་ཏེ་མི་རྣམས་ཀྱི་སེམས་ཁར་སྤྲོ་སྐྱིད་ཀྱི་དྲོད་ཁོལ་འཁྱིལ། སྟོན་མཇུག་གི་ལོ་མ། ལྷབ་ལྷུབ་བསྐྱོད་པའི་གངས་ལྗོངས་ཀྱི་རྣམ་ཤེས་ཏེ། མི་རིགས་ཀྱི་ལ་རྒྱ་འཛིན་མཁན་ཡིན། ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་ནས་བཟུང་། ཁྱོད་ཚོ་གྲོང་སྡེ་འདིའི་ཡུལ་མཐའ་ན་གསོན་པའི་འཆི་མེད་ཀྱི་ཚེ་སྲོག་དེ་ཡིན། ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ། ཁྱོད་ཚོས་ངལ་བ་དང་སྐྱོ་བ་མེད་པར་ཡུལ་སྡེ་འདི་སེམས་ཀྱིས་སྲུང་ཞིང་མིག་གིས་འཚོས། ཡུལ་སྡེ་འདའི་འཕེལ་རྒྱས་ཀྱི་དཀྱོག་མཚམས་རེ་རེ་ན་ཁྱེད་ཚོའི་གྲིབ་གཟུགས་ཉག་ཕྲ་བ་རེ་ཡོད་ལ། མི་རིགས་འདིའི་འབྱུང་འགྱུར་གྱི་བྱ་གཞག་རེ་རེར་ཁྱེད་ཚོའི་རྔུལ་ཆུའང་འཐིམས་མྱོང་བ་སུས་ཤེས། ལོ་ངོ་འདི་འདྲའི་རིང་པོ་ཞིག་ལ། ཁྱེད་ཀྱི་སྐྱབས་འོག་ནས་མཁས་ཆེན་གནམ་གྱིས་ས་ཁེབས་པ་ལྟ་བུ་བགྲང་ལས་འདས་པ་བྱུང་སྟེ། རང་རིགས་ཀྱི་བླ་ན་མེད་པའི་རིག་གནས་འདི་ཉིད་སྲོག་ལྟར་གཅེས་སུ་བཀུར་ནས་ད་ལྟའི་བར་རྒྱུད་འཛིན་བྱས། དེང་གི་དུས་ནའང་ཁྱེད་ཀྱི་གྲིབ་བསིལ་འོག་ནས་དགེ་ཆོས་དང་དཔལ་དོན་སོགས་ཀྱིས་མཚོན་པའི་རྣམ་དཔྱོད་ཅན་གྱི་དམ་པ་མང་པོ་བྱོན་ཏེ། ཁོ་པ་ཚོའི་གསར་འདྲེན་དང་གསར་གཏོད་ཀྱི་སྙིང་སྟོབས་ཀྱིས་རང་གི་མི་རིགས་འདི་ཉིད་གཉིད་ལས་བསླངས་ཤིང་། རྗེས་ལུས་དང་བག་འཁུམ། རྙིང་ཞེན་དང་རྨོངས་དད་ཀྱི་བསམ་པ་དོར་ནས་དེང་རབས་ཅན་གྱི་ལམ་ཡངས་པོར་གོམ་ཁ་སྤོས།
སྟོན་འཇུག་གི་ལོ་མ་སེར་པོ་ཡིན། ཞོགས་པའི་ཉི་ཟེར་ས་སྟེང་ཏུ་འཕྲོས་དུས། ལོ་མ་སེར་པོར་སྔར་ལས་གསེར་མདངས་འཕྲོ། དེ་རིང་ང་སློབ་གླིང་ན་ཡོད། གདོང་ལ་རྒས་གཉེར་ཆགས་པའི་སྡོང་རྒན་ཞིག་གི་རྩ་ན་ཡོད། བསིལ་རླུང་དང་བསྡོངས་ནས་ལྷབ་ལྷུབ་བསྐྱོད་པའི་ལོ་མ་ལྷེབ་ཆེན་དག་ས་རུ་ཟགས་དུས། ངས་ཁ་ལུག་སྣབས་ལུག་གིས་དཔེ་ཆ་ཞིག་ཀློག་བཞིན་ཡོད། དཔེ་ཆ་ནི་རིན་གོང་དམའ་ཤོས་ཀྱི་རིན་པོ་ཆེ་རིན་ཐང་བྲལ་བ་དེ་ཡིན། དཔེ་ཆའི་ཤོག་སྲུབས་རེ་རེ་ན་འཇིག་རྟེན་གཞན་ཞིག་གི་སྒོ་གླེགས་འབྱེད་པའི་ལྡེ་མིག་རུམ་ཡོད། སྤྲོ་སྐྱིད་ཀྱི་ལོ་མ་དག་བར་སྣང་ཏུ་ལྡིང་བསྐོར་བརྒྱབ་བྱུང་། དེ་ནི་ཅི་འདྲའི་རང་དབང་ཞིག་རེད་ཨང་། དེ་དང་འདྲ་བར་ང་ཚོས་དཔེ་ཆ་ཀློག་པའང་འགན་འཁྲི་ཞིག་མ་རེད། དེ་ནི་ཁེ་དབང་ཞིག་རེད། དཔེ་ཆ་ཀློག་པ་ནི་ང་ཚོས་རང་དབང་ངང་རང་གི་ཁེ་དབང་ལོངས་སུ་སྤྱད་པ་རེད། ང་ལ་མཚོན་ན། སྟོན་མཇུག་གི་ལྗོན་པའི་བསིལ་འོག་ནས་སྟོན་རླུང་གིས་གདོང་ལ་བྱིལ་བྱིལ་གནང་ཞོར་དཔེ་ཆ་ཀློག་པ་ནི་ལྷིང་འཇགས་ཀྱི་འཚོ་བ་སྐྱེལ་སྟངས་ཤིག་ཀྱང་ཡིན།
སྟོན་མཇུག་གི་ལོ་མ། རང་དབང་ངང་མི་ཡུལ་དུ་བབས་པས། མི་ཡུལ་གྱི་ས་གཞི་ལ་གྲང་ངར་གྱི་ས་བོན་བཏབ། གྲང་རླུང་འུར་འུར་ལྡང་བ་དང་ལྷན་དུ་ཁ་བའང་ཟམ་ཟིམ་དུ་འབབ་འགོ་ཚུགས། སྟོན་མཇུག་གི་ལོ་མ། དགུན་གྱི་གྲང་ངར་ལ་ལག་བརྡ་གནང་མཁན་ཐོག་མ་ཡིན། ངས་གྲང་ངར་གྱི་ཀློང་ན། ལྗོན་པ་ཡི་འོག་ན། ལོ་མ་ཡི་གསེབ་ན། བློ་སེམས་བག་ཕེབས་ཀྱིས་སྙན་ངག་འབྲི་བཞིན་ཡོད། སྟོན་མཇུག་གི་ལོ་མ།
རྩོམ་གསར། 10