དྲུག་གཅིག་དང་འབྲེལ་བའི་འཆར་ཡན་ཐུང་ངུ།

༼ རྒུན་ཆང་། ༽        2025-06-04

དེ་རིང་ནི་བྱིས་པའི་དུས་ཆེན་ཏེ་གནམ་འོག་གི་བྱིས་པ་ཡོངས་ལ་དབང་བའི་ཆེས་ཡིད་འོང་གི་ཉིན་མོ་ཞིག་རེད། ཡིད་འོང་གི་ཉིན་མོ་འདིའི་ཡོང་ཁུངས་ནི་ཆེས་ཡིད་དུ་མི་འོང་པའི་དངོས་ཟིན་གྱི་གཏམ་རྒྱུད་སྐྱི་གཡའ་བ་ཞིག་ལ་བརྟེན་ནས་བྱུང་བ་གྲགས་ཤིང་། ཕྱིས་སུ་ཉིན་མ་དེ་དྲན་གསོ་བྱ་ཕྱིར་རམ་ཡང་ན་སླར་ཡང་སྐྱོ་གར་ཆེན་པོ་དེ་དང་ཆ་འདྲ་བའི་མུན་ནག་དང་གདུག་རྩུབ་ཀྱི་བྱ་སྤྱོད་དག་གཏན་ནས་སླར་མི་འབྱུང་བའི་ཕྱིར། ཉིན་མོ་འདི་བྱིས་པ་རྣམས་ལ་དབང་བའི་ཉིན་མོ་རུ་འཛམ་གླིང་རང་བཞིན་གྱིས་གཏན་འབེབས་བྱས་པ་རེད་ཟེར། བྱིས་པ་ནི་མི་རིགས་ཤིག་གི་སྲོག་རྩ་འཛིན་མཁན་དང་མི་རིགས་ཤིག་གི་མདུན་ལམ་ལ་འོད་སྟོང་བསྐྲུན་མཁན་གྱི་མཁའ་དབྱིངས་ཀྱི་སྐར་མ་འོད་ཆེན་རེ་རེ་རུ་ངེས་པས། བྱིས་པ་ཚོའི་རྨ་མེད་པའི་ལྷན་སྐྱེས་ཀྱི་ལང་ཚོའི་འདབ་མའི་ངོས་སུ། བདེན་དགེ་མཛེས་གསུམ་གྱི་བརྩིས་ཟིན་པའི་སློབ་གསོའི་ཆར་ཟིམ་དང་བྱམས་བརྩེའི་ཉི་ཟེར་ཟུང་ལྡན་གྱིས་སྐྱོང་བ་ནི་ཕ་མ་དང་དགེ་རྒན་དག་གི་འོས་བབ་སུ་ལྕི་ཨང་།

ཁོ་བོ་ལ་མཚོན་ན་མི་ཚེའི་ནང་གི་བྱིས་པའི་དུས་ཆེན་བསུ་དུས་ཐོག་མ་ནི་ལོ་ངོ་བཅུ་གཉིས་ཀྱི་ན་ཚོད་ཡོལ་ཙམ་ཡོད་པའི་སྐབས་སུ་རེད་ཅིང་། སྐབས་དེ་ཡུལ་ཚོ་ན་སློབ་མ་ཞིག་གི་ཐོབ་ཐང་གིས་སློབ་གླིང་ནས་ཚེ་འདིར་དགེ་རྒན་དང་སློབ་གྲོགས་རྣམས་དང་ལྷན་དུ་མི་ཚེའི་ནང་བརྗེད་དུ་ཕངས་པའི༦,༡ཐོག་མ་དེ་བསུ་རྒྱུ་བྱུང་། ཕྱིས་སུ་རབ་བྱུང་པའི་སྡེ་རུ་ཞུགས་པ་ནས་ད་རག་བར་མི་ལོ་བཅུ་ཕྲག་ཙམ་སོང་བའི་བར་དུ་དུས་ཆེན་འདི་ཡིན་ཞིག་བསུ་རྒྱུ་བྱུང་བ་ཕལ་ཆེར་དྲན་རྒྱུ་མི་འདུག་མོད། དེ་ཡང་མ་གཞི་ནས་ཕ་ཡུལ་དུ་རྒྱལ་སྤྱིས་གཏན་འབེབས་བྱས་པའི་དུས་ཆེན་མང་དག་ཅིག་གནའ་ནས་བསུ་སྲོལ་མེད་ལ། དོ་ཞག་ཡང་དེ་ཙམ་དར་སྲོལ་མི་ཆེ་སྟེ་རེ་ཟུང་མཆིས་པ་ནི་ཡུལ་ཚོ་སོ་སོའི་སློབ་གྲྭའི་ནང་ནས་བསུས་པ་རང་དུ་འདུག། སྤྱིར་ན་དུས་ཆེན་རེ་བསུས་དང་མ་བསུ་ནི་གནད་ཀྱི་དོན་པོ་དེ་ཙམ་མི་ཆེ་ནའང་། དུས་རབས་འདིའི་འགྲོས་དང་མཐུན་པའི་གོམས་སྲོལ་ཞིག་གམ་སྔོན་ཐོན་མི་རིགས་ཚོའི་སྔོན་ཐོན་གྱི་སྤྱི་འགྲོས་རང་བཞིན་དུ་ཆགས་པའི་གོམས་གཤིས་ཤིག་ལ་ཉེ་བར་བཅར་སྟངས་སུ་སྣང་པས། འདི་ཡང་མ་འོངས་སྔོན་བསྐྱོད་ཀྱི་རྡོག་ལམ་ནས་ཅིས་ཀྱང་ལག་ལེན་དུ་བསྟར་དགོས་ངེས་ཀྱི་ཐུན་མོང་གི་བླང་བྱ་ཞིག་ཀྱང་རེད་སྙམ།

མི་ལོ་བཅུ་ཕྲག་ལྷག་གི་དེ་རིང་ཁོ་བོ་ཕ་ཡུལ་དང་ཕ་མ་ཡོད་སའི་གནས་སུ་སྟེས་དབང་གིས་ཐེངས་ཤིག་ལོག་རྒྱུ་བྱུང་ཞིང་། ང་ནི་བྱིས་པ་ཞིག་ལྟར་བྱ་བྱེད་ཅི་ལའང་མི་བྲེལ་བར་རང་གར་ཅི་ཞིག་ལ་གཡེང་གཡེང་ནས་བསྡད་ཅིང་། ཨ་མས་བཟོས་པའི་ཚོད་མ་དང་བཀལ་ཐུག་འབྲི་ཞོ་བོད་གྲོ་སྣུམ་བཙོས་མ་སོགས། ཉིན་ཞག་ཅིག་གི་དུས་གསུམ་གྱི་ཁ་ཟས་ཁྱིམ་མི་དག་དང་ལྷན་ཅིག་ཏུ་རོལ་རྒྱུ་བྱུང་ལ་སྤུན་སྲིང་དང་གཉེན་ཉེ་མང་དག་ཅིག་དང་ངོ་འཕྲད་དེ་སྐྱིད་སྡུག་གི་ཁ་བརྡ་སྣ་ཚོགས་ལབ་གླེང་བྱ་རྒྱུ་བྱུང་། ད་དུང་རྨི་ལམ་འཚོལ་བའི་ཡུལ་སྐོར་ཟིན་ཐོ། ཞེས་པའི་བྱིས་སྒྲུང་རང་བཞིན་གྱི་འགུལ་རིས་གློག་བརྙན་སྙིང་རྗེ་མོ་ཞིག་ལ་བལྟས་པ་ཡིན། དེ་རིང་ཁོ་བོའི་བྱིས་དུས་ཀྱི་སྣང་བརྙན་མང་པོ་ཞིག་དྲན་ངོགས་སུ་དབང་མེད་དུ་འཁོར་ཡོང་ཞིང་། ཚ་མོ་ཆུང་ཆུང་གི་བཅོས་མིན་གྱི་རྩེད་དགོད་དང་གཡོ་ལྷད་མེད་པའི་འཛུམ་མདངས་ཀྱིས་འགོག་མེད་ཀྱི་སྤྲོ་སྣང་གཞན་ཞིག་སྐྱེ་བར་བྱེད། འདི་ལྟར་དུས་ཀྱི་ཆུ་རྒྱུན་རིང་མོས་འུར་ཚོའི་གསོན་ངོགས་ཀྱི་སྣང་བ་རེ་རེ་རྒྱང་ནས་རྒྱང་དུ་ཁྱེར་སོང་ན་ཡང་། བདེ་བདེ་ཐང་ཐང་དང་དགའ་དགའ་སྐྱིད་སྐྱིད་ཀྱི་མི་ཚེའི་ཆ་ཤས་འདི་དང་འདི་འདྲ་བའི་ཉིན་ཞག་རེ་ཟུང་ནམ་ཞར་བསྐྱལ་དུས་ཡོད་པ་འདི་ཡང་། ཚེ་འདིའི་བདེ་སྐྱིད་ཅེས་པའི་གཟུགས་འདས་ཀྱི་རེ་སྙེགས་དེ་དང་ཁ་ཐག་ཉེ་ཚུལ་རེ་ཅི་ལ་མིན་ཏེ་ཡིན་པ་འདྲ་འོ། །


  • ལེ་ཚན་སྔོན་མ།:སྒམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།