འཚམས་འདྲི།

ཧུན • དུར་རོ།        2024-12-27

       “སྔ་དྲོ་བདེ་ལེགས” ལྷ་མོ་ཁ་འབར་མས་རང་གི་སེན་མོར་ཞི་ཁྲོ་དམ་པ་རིགས་བརྒྱ་བྲིས་ཤིང་། སོར་རྩེ་རེ་ལ་བཞི་བ་བཞི་བཅུ་རྩ་གཉིས་བརྒྱུས། ཕྱག་གདུབ་ཀྱི་འབར་བ་ཁྲག་འཐུང་ལྔ་བཅུའི་སིལ་སྒྲ་དཀྲོལ་བཞིན། དཀྱིལ་འཁོར་སྲང་ལམ་གྱི་ཕར་ཁ་ནས་ནག་པོ་རྟ་མགྲིན་ལ་ཞོགས་པའི་འཚམས་འདྲི་བྱེད། ཉི་འོད་ཚ་ལམ་ལམ་ཞིག་ལྷ་མོ་ཁ་འབར་མའི་གདོང་ལ་རེག་ཅིང་། ནག་པོ་རྟ་མགྲིན་གྱི་གསེར་ནག་ཞལ་གྱི་དཀྱིལ་འཁོར་གསལ་པོ་ཞིག་མཇལ་བའི་སྐལ་བ་ཉིན་དེའི་ཞོགས་པར་མ་ལྡན།

“ཕྱི་དྲོ་བདེ་ལགས” དཀྱིལ་འཁོར་ལས་ཁང་གི་སྒོ་འགྲམ་དུ་གྲིབ་མའི་ཡོལ་བ་ནག་རོག་གེར་འཐེན་ཞིང་། ས་སྲོད་ཀྱི་མདངས་ཀྱང་མུན་ནག་གི་ཡོངས་སུ་ཁེབས་པའི་དུས་ཤིག་ལ། ལྷ་མོ་ཁ་འབར་མས་ནག་པོ་རྟ་མགྲིན་ཚང་ལ་ཕྱི་དྲོའི་འཚམས་འདྲི་ཞུས། སྦྲུལ་ནག་གི་རལ་བ་སྟུག་ཅིང་། ཐོད་སྐམ་གྱི་མགུར་རྒྱན་བརྗིད་པ། འདི་ཕྱིའི་མེ་ལོང་ཤེལ་ནག་གི་མིག་ར་རྔམ་པས་ནག་པོ་རྟ་མགྲིན་གྱི་གསེར་ནག་གི་དབུ་ཞལ་མཇལ་བའི་སྐལ་བ་ཕྱི་དྲོ་ཡང་མ་ལྡན།

“མཚན་མོ་བདེ་ལེགས།” དཀྱིལ་འཁོར་ཆང་ཁང་ནི་ནག་པོ་རྟ་མགྲིན་ཚང་གི་ཡིན་ལ། དགོང་མོར་སླེབས་པ་ན། ནག་པོ་རྟ་མགྲིན་ཚང་ཡང་དེ་རུ་ཕེབས་ནས་ཆང་མཆོད་པ་དང་། ལྷ་མོའི་ཚོགས་ལ་གང་འདོད་དུ་གསེར་ནག་ཞལ་གྱི་པདྨོའི་མཇལ་ཁ་ཡང་ཅི་འདོད་དུ་སྟོན་པའི་དུས་ཚོད་ཅིག་ཡིན། ལྷ་མོ་ཁ་འབར་མ་ཡང་དོ་དགོང་དེ་རུ་ལྷགས་ཏེ་ནག་པོ་རྟ་མགྲིན་ཚང་མཇལ་བའི་སྟ་གོན་བྱས། ལག་ཁ་བཏགས་དང་ཁ་སྨོན་ཚིག་གིས་བརྒྱན་ཞིང་། ནག་པོ་རྟ་མགྲིན་ཚང་ཕེབས་པ་ན་དགོང་མོའི་འཚམས་འདྲི་ཞུས།

དུས་ཚོད་ཀྱི་འགྲོས་དལ་མོར་བཞུར་བ་ན། ལྷ་མོ་ཁ་འབར་མ་ཡང་ནག་པོ་རྟ་མགྲིན་གྱི་ཉེ་འགྲམ་ལ་བཅར་ཞིང་སྨོན་ཚིག་གི་མཆོད་པ་ཕུལ། ནག་པོ་རྟ་མགྲིན་གྱི་སྦྲུལ་ནག་གི་དབུ་སྐྲ་ཡང་ལྷ་མོ་ཁ་འབར་མའི་ཕྲག་པ་དང་ནུ་མའི་ཉེ་གམ་ལ་རེག་ཙམ་བྱས་ཤིང་། ཤེལ་ནག་གི་མིག་ར་ཡང་མར་ཕབ་སྟེ་ལྷ་མོ་ཁ་འབར་མའི་གདོང་ཡོངས་ལ་སྤྱན་ཟུང་གཟི་མིག་ཆ་གཅིག་གིས་ཉུལ་ཙམ་བྱས། སྐབས་དེར་ལྷ་མོ་ཁ་འབར་མས་ཀྱང་ནག་པོ་རྟ་མགྲིན་ཚང་གི་གདོང་ཡོངས་མཇལ་ཐུབ་པའི་སྐལ་བ་བྱུང་། རེག་ཙམ་ཐུག་ཙམ་ཐེངས་འགར་བྱས་རྗེས་ནག་པོ་རྟ་མགྲིན་ཚང་གི་དཀྱིལ་འཁོར་གཟིམས་ཤག་ཏུ་འགྲོ་བའི་གོ་སྐབས་ལྡན་པར་གྱུར།

“ཉིན་གུང་བདེ་ལེགས། ” ཕྱི་ཉིན་ཉིན་དཀྱིལ་ད་དུང་གཟིགས་ཤག་གི་གདན་སུམ་ཁྲིའི་སྟེང་དུ་ལྷ་མོ་ཁ་འབར་མ་ནག་པོ་རྟ་མགྲིན་གྱི་བྲང་ལ་སྦྱར་ཏེ་གཉིད་མ་སད་ཀྱིས་ངང་ཕན་ཚུན་ཁམས་བདེ་ཞུ་བཞིན། འཛུམ་ཆུང་ལྐོག་གྱུར་བ་རེ་གདོང་ལ་མངོན་ཏེ་མལ་ལས་ལངས་མི་འདོད་པའི་རྣམ་འགྱུར་རེ་ཡང་སོ་སོའི་སྤྱན་ཟུང་ལས་འཕྲོས་ཏེ། ལྷ་མོ་ཁ་འབར་མས་ཀྱང་སྐབས་དེར་ནག་པོ་རྟ་མགྲིན་གྱི་ཕྱི་ནང་གསང་གསུམ་གྱི་མཛད་པ་འཕྲིན་ལས་དང་ཡོན་ཏན་མ་ལུས་མཇལ་ཐུབ་ནས་འདུག།

སྒྲུབ་ཕུག་གི་ཕྱི་རོལ་ནས་བསིལ་རླུང་འཇམ་བུ་ཞིག་ལྡང་སྟེ་སྒོམ་ལ་རོལ་ཡོད་པའི་བཙུམ་ཆུང་དགེ་འདུན་རྒྱ་མཚོ་ཏིང་འཛིན་གྱི་དབྱིངས་ནས་ད་ལྟའི་སྣང་བ་བག་ཙམ་འཆར་དུ་བཅུག། ཡུད་ཙམ་ལ་དེ་གར་རང་སོར་བཞུགས། སྔར་ལས་རླུང་བུ་བཙན་པོ་ཞིག་ལྡང་སྟེ་ཏིང་འཛིན་ལས་ཡོངས་སུ་དཀྲོགས། གཞི་ནས་ད་ལྟའི་སྣང་བ་ཡོངས་སུ་འཆར་དུ་བཅུག་སྟེ་རང་ཉིད་ལ་རང་ཉིད་ངོ་ཚ་དགོས་པའི་རྒྱུ་མཚན་ཞིག་ཀྱང་ཐུགས་ལ་འཁོར། མདུན་གྱི་དཀྱིལ་འཁོར་དུ་བཤམས་པའི་ལྷ་མོ་ཁ་འབར་མ་དང་རྟ་མགྲིན་ནག་པོ་ཞལ་གཅིག་ཕྱག་བཞི་བ་གཉིས་མཐོང་འཕྲལ། རང་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས།


  • ལེ་ཚན་སྔོན་མ།:རེ་དོགས་ཀྱི་སྨུག་སྤྲིན།
  • ལེ་ཚན་རྗེས་མ།:ལྷ་མོ་དབྱངས་ཅན་མ།