རྫ་ཤུལ་བློ་བཟང་། 2024-12-27
མི་སེམས་མི་རྟག་འགྱུར་བའི་ཆོས་ཉིད། །
རྣལ་དུ་ཕབ་ནས་བསམ་གཞིག་བྱས་ན། །
འཇིག་རྟེན་འཁོར་བས་བསླུ་བྲིད་ཐེབས་འདྲ། །
མི་ཚེ་དབྱངས་ཀྱི་གར་སྟེགས་སྟེང་དུ། །
བྱིས་པའི་རྨི་ལམ་འདྲ་བ་རྨིས་ཡོད། །
རྟོག་བཏགས་ཆོ་འཕྲུལ་སྣ་མང་བཤམས་པ། །
ཕལ་བའི་མི་ཡི་གཤིས་ལུགས་ཡིན་འདྲ། །
བཅོས་མའི་སེམས་ལ་ཕྱི་ནང་གཉིས་སྣང་། །
རེ་དོགས་གཉིས་ཀྱིས་གྲུབ་པ་ལོས་ཡིན། །
འཁོར་བའི་གཤིས་ལ་བདེན་རྫུན་གཉིས་ཏེ། །
ཕལ་བའི་མི་ཡི་མཐོང་ཚུལ་ཡིན་སྐད། །
མི་སེམས་སྣ་མང་བྱ་ཁྱུ་ཚོམ་བུ། །
མཐོང་སྣང་མི་འདྲ་དྲན་སྣང་ཅི་འདྲ། །
སྐྱིད་སྡུག་གཉིས་ཀྱིས་བསྡུས་པའི་གཟུགས་ལ། །
བཅོས་མའི་འཁྲབ་སྟོན་བྱེད་ལ་མཁས་པ། །
ཁྲ་ཁྲ་རིག་རིག་བསླུ་བྲིད་མཁས་པའི། །
འཁོར་བའི་ཟློས་གར་སྒྱུ་མའི་མཁར་རྫོང་། །
མི་ཚོགས་ཤིག་ཤིག་འདུ་འགོད་མཁས་པས། །
བཟོ་བལྟ་བཅོས་མའི་འཇིག་རྟེན་བཞེངས་སོང་། །
ཁྲེལ་དང་ཕྱི་ཐག་རྒྱང་དུ་གྱེས་པས། །
རང་སེམས་རང་གིས་མ་རྟོགས་ལྷག་སོང་། །
དྲན་ཚུལ་མྱུར་བའི་ཕལ་བའི་སེམས་ཀྱིས། །
དོན་དམ་གནས་ལུགས་རྟོགས་པར་མ་ནུས། །
ཀུན་སྤྱོད་བཅོས་མའི་བཟོ་ལྟ་མཚར་བས། །
ཡིད་གཏད་ཆོག་པའི་མི་ཞིག་མ་རྙེད། །
བཤད་ཚད་ངག་ནས་འཁྲོལ་བ་ཙམ་ལས། །
རང་སེམས་མཚོན་པའི་སྐད་ཆ་མ་ཡིན། །
ནང་སེམས་མཐུན་པའི་གྲོགས་པོ་དག་ལ། །
སྙིང་གཏམ་སྙིང་གི་དྭངས་མ་སྨྲས་ཀྱང་། །
ཡུད་ཙམ་འགོར་རྗེས་གཞན་གྱིས་སྒྲོག་པ། །
བློ་གཏད་མེད་པའི་གནས་ལུགས་མངོན་འདྲ། །
མི་འགྱུར་དམ་ཚིག་ཆུ་བྲིས་རི་མོ། །
གདོང་གི་རྣམ་འགྱུར་འགྱུར་ལྡོག་སྙི་མོ། །
བཅོས་མའི་འོག་ཏུ་རྫུན་མའི་འཁྲབ་སྟོན། །
འཁོར་བའི་སྙིང་པོ་འདི་ལྟར་ཡིན་ནམ། །
སྐྱིད་ལ་རེ་ཞིང་སྡུག་ལ་གཟན་པའི། །
སྲིད་པའི་ཉིན་སྲིབ་གཉིས་ཀྱི་ལམ་ནས།།
སྣ་ཚོགས་འཁྲབ་སྟོན་བྱེད་པར་བྲེལ་བས། །
འཁོར་བའི་མི་ཚོགས་བློ་གཏད་མ་མཆིས། །
མཐོན་མཐིང་ངོས་ཀྱི་ཟླ་བའི་གཟུགས་རིས། །
སྙིང་ལ་མི་བཟོད་གདུང་བས་བརྣགས་ཏེ། །
འཛད་མེད་འོད་ཟེར་འབུམ་གྱིས་བྱུགས་ནས། །
འཁོར་བའི་གྲོང་དུ་ལྟད་མོར་ཆས་སོང་། །
དབྱར་དགུན་དུས་ཀྱི་འགྱུར་ལྡོག་མྱུར་སོང་། །
ལོ་ཟླའི་རི་མོ་པིར་གྱིས་བྲིས་བཞག །
བཅོས་མའི་རང་གཤིས་མཚོན་པར་མ་ནུས། །
མིག་ཆུའི་ཕྲེང་བ་མཚོ་མོར་འདྲེས་སོང་། །
སེམས་ཀྱི་མེ་ལོང་བརྟགས་ནས་མ་ཤེས། །
གཟུགས་བརྙན་རི་མོ་གྲངས་ལས་འདས་པས། །
སྒྱུ་མའི་འཇིག་རྟེན་འཁོར་བའི་གྲོང་ནས། །
སྣ་ཚོགས་འདོད་དགུའི་ཟློས་གར་འཁྲབ་སོང་། །
བདེན་གཏམ་སྨྲ་མཁན་ཁྱོད་དང་ང་རེད། །
གནས་ལུགས་བརྗོད་པའི་སྨྲ་ལྕེ་ཙམ་འདུག །
རང་སེམས་རང་གིས་མཐོང་ཐབས་དཀའ་བས། །
མི་སེམས་མི་ཡིས་ཇི་ལྟར་རྟོགས་སྲིད། །
ཁ་བས་རང་སེམས་འཁྱག་གིས་བསྡམས་དོན། །
མི་སེམས་མི་ཡིས་མཐོང་འདོད་མེད་དོན། །
ཚོར་བའི་རྣམ་ཤེས་རང་ཡན་བཏང་དོན། །
འཁོར་བས་ཁྱོད་ལ་གཏད་པའི་མནར་གཅོད། །
ལོ་ཟླ་ནག་པོ་རྩིས་པས་བཟི་སོང་། །
འཁོར་བའི་སྡིག་སྒྲིབ་ཁུར་ནས་མྱོས་སོང་། །
རང་སེམས་མཐོང་བས་མགོ་ཡོམ་འཁོར་སོང་། །
ཚིག་གིས་མ་མཚོན་སྒྱུ་མའི་འཁོར་བ། །
ཀྱེ་མ་འཁོར་བར་ཞེ་ཐག་མ་ཆོད། །
སྲིད་པའི་ལན་ཚྭས་བསླུས་པའི་མི་ཚོགས། །
ཡིད་ལ་གདུག་རྩུབ་རལ་གྲི་ཐོགས་ཏེ། །
རྨི་ལམ་གྲོང་དུ་གཡུལ་འགྱེད་ཆས་སོང་། །
ཚེ་འདི་དགའ་མ་བློ་གཏད་མ་མཆིས། །
འཁོར་བའི་རྙི་ལས་ཐར་བར་འདོད་དེ། །
མི་མེད་དབེན་པའི་ནགས་ཀློང་ནང་དུ། །
ཞི་བའི་དབྱངས་ཀྱི་སྟོང་ཉིད་འཚོལ་ཡོད། །
ཏ་ལའི་ནེའུ་གསེང་ཡངས་མོའི་སྟེང་དུ། །
ཐ་ལ་དྲུག་འགྱུར་ལྷོད་ཀྱིས་གྱེར་དོན། །
ད་ནི་འཁོར་བའི་རང་གཤིས་རྟོགས་ཏེ། །
ཚིག་ཚོགས་དབྱངས་ཀྱི་གདངས་ལ་སྦྱར་ཡོད། །
རྩོམ་གསར། 10