༼ རྫ་ཤུལ་བློ་བཟང་། ༽ 2024-12-23
ལས་དབང་ནག་པོ་ཡིན་པ་སེམས་ནས་བོར་མེད། །
ལས་ཚིག་འགན་འཁྲི་ལྕི་མོ་ཕྲག་ཏུ་བླངས་ཡོད། །
འཁོར་བའི་ལ་ལུང་འགྲིམ་པའི་རྣམ་ཤེས་ཁེར་འགྲོ། །
སྐྱོ་བའི་གཞས་ཆུང་མི་ལེན་རང་དབང་མ་ཡོད། །
མིག་ཆུ་གཙང་བོར་འདྲེས་པ་གཏན་ནས་བརྗེད་མེད། །
སྐྱོ་བའི་དབུགས་རིང་འབྱིན་པ་ཡིད་ལ་ཐོན་ཡོད། །
བཅོས་མའི་མགོ་བོ་བཏེགས་ཏེ་ཀྲོག་ཀྲོག་མ་བྱེད། །
མ་བཅོས་སེམས་ཀྱི་མེ་ལོང་ཕྱི་གསང་ནང་གསལ། །
སེམས་ལ་དགའ་སྡུག་མང་བ་ཆུང་ནས་ཤེས་ཡོད། །
རྟག་བརྟན་རྩ་ནས་མེད་པ་སྔོན་ནས་གོ་མྱོང་། །
འཁོར་བའི་ཉིན་སྲིབ་ཉུལ་བའི་རྣམ་ཤེས་ཕྲ་མོ། །
སུན་སྣང་དབྱངས་སུ་མི་གྱེར་ཐབས་ཤིག་མ་ཡོད། །
འདྲིས་པའི་མི་རྣམས་གཏན་ཚིགས་མེད་པ་ཨེ་ཤེས། །
མཐུན་པའི་གྲོགས་ཀྱང་ཕྱི་ཐག་མེད་པ་ལོས་རྟོགས། །
ཕྱི་འཛུམ་ཁོག་ནག་ཅན་གྱི་རང་གཤིས་དེ་ཚོས། །
འཁོར་བའི་མི་ཡི་རང་མཚང་མངོན་པ་འདྲ་ཡོང་། །
གཉོམ་གཉོམ་ལང་ཚོའི་འདབ་མ་ཆུ་ཡིས་མནན་འདྲ། །
ཉམ་ཆུང་སེམས་ཀྱི་གཤིས་འདི་བལ་ལས་ཡངས་པ། །
སྡུག་གཏམ་འཁོར་ལོ་བསྐོར་བའི་སྐྱོ་སེམས་རང་ལུགས། །
མྱ་ངན་ཐང་ཆེན་འགྲིམ་མཁན་ཁྱོད་ལས་མ་མཆིས། །
བསམ་གྱིན་བསམ་ན་འཁོར་བའི་སྙིང་པོ་དྲན་ཡོང་། །
ལྟ་བཞིན་བལྟ་ན་ཞེ་དགོད་གཏིང་ནས་ཤོར་ཡོང་། །
སྐྱོ་སེམས་རང་ལུགས་འཛིན་པའི་འགྲོ་བ་འགའ་རེའི། །
སེམས་འགྱུའི་གནས་ལུགས་བཤད་ན་ཤ་རེ་ཚ་ཡོང་། །
སེམས་རྩ་རླུང་བུས་ཁྱེར་སོང་སྡུག་གི་ཕུང་པོ། །
མིག་ཆུ་མཚོ་མོར་ཐིམ་སོང་ཕལ་བའི་མི་བོ། །
འཇིག་རྟེན་གཞན་དུ་ཆས་པའི་གྲོས་མོལ་མ་གནོངས། །
ཡིད་ཀྱི་བག་ཆགས་ཐོགས་སའི་ས་བོན་ལྷག་འདུག །
རྣམ་ཤེས་རྟ་རྔ་འདི་ལ་འགྱུར་ལྡོག་མང་བས། །
བློ་ཐག་ཆོད་པའི་ཡིད་གཏད་ཡོད་དོན་མི་འདུག །
སྣང་བའི་འཇའ་རིས་རེ་ལ་ཡང་ཡང་ལྟ་ཚེ། །
སྐྱོ་བའི་ས་བོན་ཞིག་ལས་གང་ཡང་མ་མཐོང་། །
ཟིལ་བ་ཁྲོམ་ཁྲོམ་ཟེར་བ་མིག་ཆུའི་སྒྲ་ཡིན། །
སྨུག་པའི་ན་བུན་འཐིབ་པ་སྐྱོ་བའི་ཁམས་རེད། །
ཉི་ཟླ་ནག་པོ་འཆར་བའི་ལོ་དང་ཟླ་བ། །
གནས་ཡུལ་གཞན་དུ་ཆས་པའི་སེམས་པ་སྨིན་སོང་། །
རྨི་ལམ་དྭངས་མའི་ནང་གི་ལག་པ་འཁྱག་པ། །
འཁྲུལ་བའི་ཟློས་གར་ཁྲོད་ཀྱི་སྐྱོ་གཞས་གཟན་མོ། །
སྣང་བ་ཡངས་མོ་འདི་གའི་ཐབས་སུ་ཡོང་དུས། །
མི་མགོ་སྐམ་པོའི་ནང་དུ་རྫིང་བུ་འཁྱིལ་འདུག །
ལྷ་ཁང་ཕོ་བྲང་ནང་གི་གཟུགས་རིས་མང་བ། །
འཁོར་བའི་ཁ་དོག་ཅིག་གི་མཚོན་དོན་ཡིན་འདྲ། །
རྡུལ་གྱིས་བྲིས་པའི་མུན་ནག་སྟུག་པོའི་ཁྲོད་ན། །
ཁུ་བྱུག་ངུ་སྐད་ཐོས་པའི་སྐད་ངན་བསྒྲགས་སོང་། །
ལྷོ་སྤྲིན་རྒྱང་དུ་ཆས་དུས་སེམས་རྩ་སྙི་ཡོང་། །
སྲོད་ཀྱི་ལྷིང་འཇགས་དེ་གས་སྐྱོ་བ་ཉོ་ཡོང་། །
སྒྱུ་མའི་ཟློས་གར་ནང་ནས་རང་ཉིད་ཤར་ན། །
འཁོར་བའི་གཤིས་ལ་བསམས་ཏེ་རྔམ་པ་ཤོར་སྲིད། །
གྱང་ངོས་འཇག་རྩྭ་རེ་ལ་སེམས་གཏམ་བཤད་ན། །
མིང་ཚིག་འགའ་རེས་མཚོན་པའི་སྡུག་གཏམ་གླེང་ན། །
ཞེ་སེམས་གཏིང་ནས་སྨྲེང་ཡང་ཐབས་ཤེས་ཅི་ཡོད། །
རང་སེམས་མགུར་ལ་བརྒྱུས་པའི་གླུ་བ་ཁེར་འགྲོ། །
རྩོམ་གསར། 10