རབ་སྨིན་དམར་མདངས་ལྡན་པའི་ཀུ་ཤུ་དེས།། ཞིང་པའི་དར་རྒྱས་ལམ་བུ་རྒྱ་ཆེར་བཏང་།།

(སྐལ་བཟང་རྒྱ་མཚོས་བསྒྱུར།)        2024-12-18


རབ་སྨིན་དམར་མདངས་ལྡན་པའི་ཀུ་ཤུ་དེས།། ཞིང་པའི་དར་རྒྱས་ལམ་བུ་རྒྱ་ཆེར་བཏང་།།

ཀུ་ཤུ་ལོ་ལེགས་བྱུང་ནས་ཤིང་འབྲས་འདེབས་མཁན་གྱི་གདོང་ལ་འཛུམ་མདངས་ཁེངས།

རབ་སྨིན་དམར་མདངས་ལྡན་པའི་ཀུ་ཤུ་དེས།། ཞིང་པའི་དར་རྒྱས་ལམ་བུ་རྒྱ་ཆེར་བཏང་།།

ཡུལ་སྐོར་བས་ཤིང་འབྲས་ལྡུམ་རར་སྤྲོ་འཆམ་བྱེད་བཞིན་པ།

ལྕགས་ཟམ་རྫོང་ལ་ངོས་ཡུལ་ཤོག་ལ་ཐོན་མ་ཐག། གཞུང་ལམ་འགྲམ་གྱི་ཀུ་ཤུ་སྡོང་པོར་ལྗིད་ཏིག་ཏིག་གི་འབྲས་བུས་ཁེངས་ཤིང་། དམར་ལྷང་ལྷང་གི་ཀུ་ཤུ་དེ་དག་ནི་ཅི་འདྲའི་མིག་ལ་མཛེས་པ་དང་དྲི་ཞིམ་ལྡན་པ་ཞིག་རེད། ཐག་མི་རིང་བའི་སར་ཤིང་ཏོག་བདག་པོ་ཚོས་སྤྲོ་སྣང་ཁེངས་པའི་ངང་ཀུ་ཤུ་འཐོག་བཞིན་འདུག།

གནམ་གཤིས་ཡག་པ་དང་བསྟུན་ནས་ལྕགས་ཟམ་རྫོང་ལ་ངོས་ཡུལ་ཤོག་ཇོ་བོ་གྲོང་སྡེའི་ཡུལ་མི་ཝང་ཞའོ་ཧྥུང་གིས་ཀུ་ཤུ་འཐོག་པར་བྲེལ་བཞིན་ཡོད། ཀུ་ཤུ་འཐུ་བ་ནས་སྐྱེལ་འདྲེན། གདམ་གསེས། ཐུམ་བརྒྱབ། ཕྱིར་གཏོང་བཅས་ཀྱི་གོ་རིམ་བར་ཆུ་ཚོད་ཁ་ཤས་ལས་མི་དགོས་པས་བརྒྱུད་རིམ་ཁག་སྟབས་བདེ་ལ་མགྱོགས་མྱུར་བྱུང་ཡོད་པ་དང་ཀུ་ཤུ་ཉར་འཇོག་གི་དུས་ཚོད་ཐུང་དུ་ཕྱིན་པར་མ་ཟད། ད་དུང་ཀུ་ཤུའི་བྲོ་བ་སོས་པ་ཡོང་བའི་འགན་ལེན་ཡང་བྱུང་ཐུབ་ཡོད་པ་རེད། ཝང་ཞའོ་ཧྥུང་གིས་སྲོལ་རྒྱུན་གྱི་ཕྱིར་ཚོང་བྱེད་སྟངས་ཕུད་ཤིང་འབྲས་འདེབས་མཁན་གྱིས་ཀུ་ཤུ་སྤུས་ལེགས་ཕྱིར་ཚོང་ཐུབ་རྒྱུར་རོགས་རམ་བྱ་ཆེད། ཀྲུང་གོ་སྦྲག་སྲིད་ལ་ངོས་ཡུལ་ཤོག་མྱུར་སྐྱེལ་ཟོག་འགྲེམས་གཉེར་སྐྱོང་ལྟེ་གནས་ཀྱིས་ཆེད་སྤྱོད་སྦྲག་སྐྱེལ་རླངས་འཁོར་བཀོད་སྒྲིག་བྱས་ནས་སྐྱེལ་འདྲེན་བྱེད་འགན་འཁུར་དུ་བཅུག་པ་དང་། ཕན་སྦྱར་ཞིང་སྤྱོད་དངོས་རྫས་ཀྱི་འགྲོ་གྲོན་ཚད་གཞི་དང་མཐུན་པའི་སྒོ་ནས་ཤིང་ཏོག་འདེབས་མཁན་ཚོའི་སྒོ་རྩར་སོང་ནས་ཤིང་ཏོག་སྐྱེལ་འདྲེན་གྱི་ཞབས་ཞུ་མཁོ་འདོན་བྱས་པས་ཤིང་ཏོག་འདེབས་མཁན་ཚོ་སྒོར་འབུད་མི་དགོས་པར་རང་ཁྱིམ་གྱི་ཀུ་ཤུ་ཕྱིར་ཚོང་ཐུབ་པ་བྱུང་ཡོད་ཅེས་དེ་ལྟར་ངོ་སྤྲོད་བྱས་པ་རེད།

དང་ཐོག་གི་ཀུ་ཤུ་སྡོང་པོ་ཁ་ཤས་ལས་མེད་པ་ནས་ད་ཆའི་མུའུ2ལྷག་གི་ཤིང་འབྲས་ལྡུམ་རར་འཕེལ་རྒྱས་ཕྱིན་པ་དང་། ལོའི་ཡོང་འབབ་སྒོར་བརྒྱ་ལྷག་ནས་ད་ཆའི་སྒོར་ཁྲི2བར་འཕར་ཡོད། ཝང་ཞའོ་ཧྥུང་གིས་ཀུ་ཤུའི་ཐོན་ལས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་སྤུས་ལེགས་བྱུང་བ། ཐར་ཐོར་གྱི་འདེབས་འཛུགས་ནས་ཐོན་ལས་ཅན་གྱི་འཕེལ་རྒྱས་བཅས་ཀྱི་ཕྱོགས་སུ་མཆོང་སྐྱོད་ཆེན་པོ་བྱུང་བ་མྱོང་ཚོར་ཟབ་མོ་སྐྱེས་ཡོད། ཝང་ཞའོ་ཧྥུང་གིས་ངས་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། དེ་ནི་གླ་རྒྱག་པ་དང་ས་ཞིང་འདེབས་པའི་ཡོང་འབབ་ལས་བརྟན་པོར་ཡོད། ཕྱིན་ཆད་ངས་དོ་དམ་དང་ས་བོན་ལེགས་སྒྱུར་ཐད་སྡུག་རུས་བརྒྱག་རྒྱུ་ཡིན་ཞེས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།

ཤིན་པ་ཝུའུ་ཕུའུ་ཞེས་གནས་ཚང་གི་གཉེར་སྐྱོང་པ་ཝང་ཅན་ཧྲོང་གིས་ཤིང་འབྲས་ལྡུམ་རའི་ཞིང་པའི་སྤྲོ་སྐྱིད་ཁང་སོགས་སྤྲོ་གསེང་ཞིང་ལས་ཡུལ་སྐོར་རྣམ་གྲངས་གསར་འབྱེད་བྱེད་བཞིན་ཡོད། ཀུ་ཤུའི་ཐོན་ལས་དང་ཡུལ་སྐོར་ལས་རིགས་ཟུང་འབྲེལ་བྱས་ནས་ཡུལ་སྐོར་བར་འཐུ་འཐོག་དང་ལྟ་སྐོར་སོགས་སྣ་མང་ཅན་གྱི་མྱོང་རོལ་ཞབས་ཞུ་མཁོ་འདོན་བྱས་པས་ཀུ་ཤུ་ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་ནུས་ལྡན་ཕྱིན་ཡོད།

ཞོགས་པ་སྔ་མོ་ནས་ཝང་ཅན་ཧྲོང་དང་ནང་མི་ཚང་མ་ཉིན་གཅིག་གི་ལས་ལ་བྲེལ་འགོ་བརྩམས། ཤིང་འབྲས་ལྡུམ་རའི་ཕྱི་རོལ་དུ་ཝང་ཅན་ཧྲོང་གིས་བྱང་ཆུབ་པའི་སྒོ་ནས་བཏུས་པའི་ཀུ་ཤུ་འདེམས་པ་དང་དབྱེ་གསེད་བྱས་ནས་སླེ་བོའི་ནང་བླུག་བཞིན་ཡོད། ཝང་ཅན་ཧྲོང་གིས་ཉིན་འདི་དག་ནང་ཀུ་ཤུ་ཉོ་མཁན་ཧ་ཅང་མང་པོ་ཡོད། ཧ་ལམ་ཤོག་སྒམ་བཞི་བཅུ་ལྔ་བཅུ་ཙམ་ལ་ཟིན་ཡོད། ད་དུང་འཐུ་འཐོག་བྱེད་མཁན་གྱི་ཡུལ་སྐོར་བར་ཉིན་གཅིག་ལ་ཀུ་ཤུ་རྒྱ་མ100ལྷག་འཚོང་ཐུབ་ཀྱི་འདུག། འདི་དག་ཚང་མ་ནི་དེ་རིང་ཚོང་ཟོག་བསྐུར་དགོས་པ་ཤ་སྟག་རེད་ཅེས་ཁོང་གིས་ཐུམ་བརྒྱབ་ཚར་པའི་ཀུ་ཤུ་ཤོག་སྒམ་ལ་མཛུབ་མོ་བཙུགས་ནས་དེ་ལྟར་ངོ་སྤྲོད་བྱས།

སྔོན་ཆད་ཝང་ཅན་ཧྲོང་གིས2012ལོ་ཀུ་ཤུ་བཏབ་པ་ནས་བཟུང་ཐད་ཀར་རྫོང་ཐོག་ཏུ་བཙོངས་པ་ཡིན་པས་མང་པོ་བཙོངས་མི་ཐུབ་པར་མ་ཟད་རིན་གོང་ཡང་དམའ་བ་རེད། ཉེ་བའི་ལོ་ཤས་རིང་། ལ་ངོས་ཡུལ་ཤོག་གི་གྲོང་སྡེའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཝང་ཅན་ཧྲོང་གིས་ཀུ་ཤུ་དེ་གྲོང་སྡེའི་ཡུལ་སྐོར་གྱི་ཁྱད་ལྡན་སྤུས་རྟགས་སུ་བཏོད་ནས་ཡུལ་སྐོར་བ་མེ་ཏོག་ལ་ལྟ་བ་དང་། ཤིང་འབྲས་འཐུ་བ། ཤིང་འབྲས་ཉོ་བ་བཅས་ཀྱིས་ཡིད་དབང་བཀུག་སྟེ་ཀུ་ཤུ་ཁོ་ན་འཚོང་བ་ནས་མཛེས་ལྗོངས་ལ་ལྟ་སྐོར་དང་སྤུས་རྟགས་གཏོད་པའི་བར་འགྱུར་ལྡོག་ཕྱིན་ནས་ལྟ་སྐོར་ཞིང་ལས་དང་ཁྱད་ལྡན་ཐོན་ལས་གཉིས་མཉམ་འདྲེས་ནུས་ལྡན་བྱུང་ཡོད་པ་རེད། ཝང་ཅན་ཧྲོང་གིས་ད་ཆ་ང་ཚོའི་ཀུ་ཤུ་བྲིན་རྒྱུར་སེམས་ཁྲལ་རྩ་བ་ནས་མི་འདུག་ཅེས་སྤོབས་སེམས་ཆེན་པོས་བཤད།

ཉེ་བའི་ལོ་ཤས་རིང་། ལ་ངོས་ཡུལ་ཤོག་གིས་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་ས་ཁམས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་གཏང་རྒྱུ་དེ་ཞིང་རོགས་འབབ་འཕར་དང་དམངས་ཕྱུག་གྲོང་དར་གྱི་འགག་རྩའི་བྱེད་ཐབས་ཤིག་ཏུ་བརྩིས་ཡོད། ལག་རྩལ་མཛུབ་ཁྲིད་དང་། ཤིང་འབྲས་དང་ཡུལ་སྐོར་མཉམ་འདྲེས། དངུལ་རྩའི་རོགས་སྐྱོར། གློག་རྡུལ་ཚོང་དོན་དང་ཟོག་འགྲེམས་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ། ཀུ་ཤུའི་ཐོན་ལས་གཞི་ཁྱོན་ཅན་དང་སྤུས་རྟགས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་རྒྱུན་མི་ཆད་པར་བཏང་བས་ཀུ་ཤུ་ཐོན་ཚད་དང་ཕན་འབྲས་ལོ་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

ལ་ངོས་ཡུལ་ཤོག་རིག་གནས་ཡུལ་སྐོར་གྱི་ཆེད་ལས་ལས་དོན་པ་ཝང་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་འོག་ལ་ངོས་ཡུལ་ཤོག་གིས་ཞིང་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་དང་སྐྱོན་བྲལ་འཕེལ་རྒྱས་གཏོང་བ་ཁྲིད་སྟོན་དུ་བྱས་ནས་ཁྱད་ཆོས་སྔོག་འདོན་དང་། ཐོན་ལས་ལེགས་སྒྱུར། ཟོང་རྟགས་སྐྱེད་སྲིང་བཅས་ལ་དམིགས་ཏེ་གཙོ་གནད་ཐོག་ཀུ་ཤུ་འདེབས་འཛུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད། ད་སྔར་ཀུ་ཤུ་འདེབས་ཁྱོན་མུའུ200ལྷག་ལ་ཟིན་པ་དང་ལོ་རེའི་ཐོན་ཚད་ཏུན300ལྷག་ལ་ཟིན་གྱི་ཡོད།

ཀུ་ཤུ་ཆུང་ངུས་ཐོན་ལས་ཆེན་པོར་ཆགས་སུ་བཅུག་ཡོད། ལྕགས་ཟམ་རྫོང་ལ་ངོས་ཡུལ་ཤོག་གིས་རང་ངོས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཐོན་ལས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ཞིང་། ཀུ་ཤུ་ལས་རིགས་གཞིར་བཟུང་ནས་འདེབས་འཛུགས་ལས་རིགས་དང་ཡུལ་སྐོར་ལས་རིགས་ཟུང་འབྲེལ་ནུས་ལྡན་ཐུབ་པར་མ་ཟད། གཡེར་མ་དང་ཕག་ཤ་བསྙལ་མ་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ“གྲོང་སྡེ་རེར་ཟོང་རྟགས་རེའི”རིམ་སྤོར་ལས་དོན་ལ་ཤུགས་རྒྱག་པ་དང་ཕན་འབྲས་ཐོན་པ་བྱས་ནས་ཡུལ་མི་ཚོར་ཐོན་ལས་དམངས་ཕྱུག་གི་ལམ་བུར་གོམ་སྟབས་ཆེན་པོས་བསྐྱོད་རྒྱུར་སྣེ་ཁྲིད་བྱས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་ད་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར་གྱི་གཙོ་གནད་ལས་གཞིར་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར391ལས་བརྒལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།