༼ དབྱིངས་ཀུན་གཞི། ༽ 2025-09-25
དཔྱིད་དཔལ་རྒྱལ་མོའི་ལང་ཚོ་རྒྱས་པའི་དུས།།
སྐྱེད་ཚལ་པདྨའི་མཛེས་པ་ཡིད་དུ་འོང་།།
དུས་འཛིན་སྟོན་གྱི་རེག་བྱ་བསྐྱོད་པའི་སྐབས།།
མཛེས་སྡུག་ལོ་མའི་ཕོན་པོ་ཕྱོགས་སུ་འཁྱེར།།
དབྱིག་འཛིན་སྒེག་མོས་གསེར་ལྡན་གོས་སུ་བགོ།།
ཀུ་མུད་གཉེན་གྱིས་དཀར་གསལ་མཛེས་པ་སྤྲོ།།
ལྗོན་ཤིང་འབྲས་བཟང་དུས་ཀྱི་ཁུར་ལྡན་པ།།
སྟོན་ཟླ་ར་བའི་མཛེས་པ་རྒྱང་ནས་མཐོང་།།
ཡུལ་གྱི་སྣང་བ་ཡིད་ཙམ་འཁོར་བས་ཀྱང་།།
དཔྱིད་གསུམ་དཔལ་གྱི་ལང་ཚོ་རྫོགས་པར་བྱས།།
དུས་ཀྱི་རྒྱལ་མོར་དགའ་འཛུམ་བྲེལ་བ་འདི།།
ཆགས་ཞེན་བསླུ་བྲིད་བུ་མོའི་སྒེག་ཉམས་ཤིག།
སྔོ་ལྗང་འདབ་མའི་ཚོན་མདོག་ངང་གིས་བརྗེ།།
སིལ་སིལ་རླུང་བུ་དལ་འགྲོ་ཕྱོགས་ནས་ལྡང་།།
ཚོར་སྣང་ཡིད་ཀྱི་ཆོ་འཕྲུལ་དེད་དེད་ནས།།
ཆར་ལྡན་དུས་ཀྱི་དགའ་སྟོན་རྒྱང་དུ་བཞུད།།
འཆར་སྣང་རྟོག་པའི་ན་བུན་རི་ལ་འཐིམས།།
མི་སྡོད་དུས་ཀྱི་སྦྲང་ཆར་བདུད་རྩིས་རྒྱུན།།
དབྱངས་ཀྱི་ཟིལ་བ་ཁྲོམ་ཁྲོམ་རྣ་བར་འཇེབས།།
འདུ་འབྲལ་སྒྱུ་མའི་གྲོང་ན་སྣང་བ་འདར།།
དབྱར་གསུམ་ཆུ་སྐྱེས་འདབ་མ་སད་ཀྱིས་ཟིན།།
ཡལ་གའི་ལྕུག་ཕྲན་སྟོན་རླུང་ངར་གྱིས་རྙིང་།།
འཆི་མེད་དྲི་ཟའི་འཇིག་རྟེན་འཕོས་འདྲ་བ།།
ཡུད་ཀྱིས་འདས་ཚུལ་བསམ་ན་ལྷག་པར་སྐྱོ།།
ཟིལ་དངར་སྟོང་གི་དངུལ་དཀར་བ་མོའི་གྲང་།།
ཆར་ལྡན་དུས་ཀྱི་འདབ་སྟོང་གཤེད་དུ་ཆས།།
གཡུ་སྦྲང་གཞོན་ནུའི་སེམས་ཀྱི་གླན་ས་བོར།།
དྲན་པའི་སྐྱོ་གཞས་ཐར་ཐོར་གླུ་རུ་འགུགས།།
ཁེར་རྐྱང་རྣམ་ཤེས་འཇག་མའི་ཤུགས་གླུས་དཀྲོགས།།
སེམས་ཀྱི་དགའ་སྐྱོ་མཐའ་དག་སིལ་བུར་ཐོར།།
སྡོང་པོའི་རྩེ་ན་གསེར་གྱི་འདབ་ལོ་ལྷུང་།།
ལྷོད་ཆགས་འདབ་ལྡན་ཚོགས་ཀྱང་ངང་གིས་འཕུར།།
ཁྲུང་ཁྲུང་དཀར་མོ་ལྷོ་མཐའི་རི་ལ་ཐེག།
ཁུག་བྱུག་མགྲིན་ཡག་མོན་གྱི་ཡུལ་ལ་ལོག།
ནོར་འཛིན་བུ་མོའི་བརྟན་པ་སད་ཀྱིས་ཁྱེར།།
བདག་སེམས་བསླུ་བྲིད་སྒེག་མོས་ཁྱེར་བ་ཚོར།།
ཡན་ལག་བརྒྱད་ལྡན་མཚོ་མོའི་རབ་ཁ་ལ།།
རབ་དཀར་དར་གྱི་ཡོལ་བས་སྐོར་སྐབས་སུ།།
འདབ་ཆགས་ངང་པ་སེར་པོ་ཡུལ་དུ་ལོག།
ཚོགས་དྲུག་སྣང་བའི་མེ་ཏོག་དབྱིངས་སུ་ཡལ།།
ལྷ་ལམ་སྤྲིན་གྱི་འདབ་མ་ཕྱོགས་སུ་བྲེལ།།
སྔོ་བསངས་སྟོང་བའི་ཁྱོན་འདིར་སྟོན་རླུང་ལྷགས།།
ཕུན་ཚོགས་དབྱར་གྱི་འདུ་འགོད་ཕར་ལ་དེངས།།
མི་རྟག་དུས་ཀྱི་སྒེག་མོས་ཆོ་འཕྲུལ་བསྟན།།
མི་སྡོད་དུས་ཀྱི་འཚུབ་རླུང་ཉིན་བཞིན་ལྡང་།།
དགའ་སྐྱོའི་སྦྲང་ཆར་ཟིམ་བུ་རྟག་ཏུ་འབབ།།
དུས་བཞིའི་འགྲོས་ཀྱིས་འཁུར་བའི་གཏམ་རྒྱུད་ཅིག།
བཅོས་སུ་མི་བཏུབ་ཀུན་རྟོག་བུ་མོས་ཁྱེར།།
རྩོམ་གསར། 10