2026-03-11
ཉེ་ཆར། བོད་ཀྱི་གླིང་སྒྲུང་པ་གྲགས་ཆེན་སྨིན་དབུས་པོ་ལགས་ཀྱིས་བསྒྲིགས་པའི《གླིང་རྗེ་གེ་སར་གྱི་སྒྲུང་རྙིང་ཚིག་མཛོད》ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས། ཚིག་མཛོད་འདིར་སྒྲུང་མཁན་ཁོང་གིས་མི་ལོ་སུམ་ཅུ་ལྷག་གི་རིང་ལ་བསྡུས་པའི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ཡན་གྱི་སྒྲུང་དཔེ་སྟེ། སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས་ཤིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྒྲིགས་རིན་བྲལ་ནོར་བུའི་ཕྲེང་བ》པོད118ཅན་གྱི་འཚོལ་སྒྲིག་ལས་རིམ་ཁྲོད། སྒྲུང་དཔེ་རྙིང་པ་དེ་དག་གི་ནང་གསལ་བའི་མིང་ཚིག་རྣམས་གཙོ་བོར་བཟུང་ནས་གླིང་གི་མི་རྟ་གོ་མཚོན། ས་མིང་རྗེས་ཤུལ་སོགས་ཀྱི་ཐ་སྙད་སྟོང་ཕྲག་གསུམ་ཡས་མས་ལ། ཁོང་རང་ཉིད་སྒྲུང་པ་ཞིག་ཡིན་པའི་ཉམས་མྱོང་དང་ཤེས་རྟོག་གི་ཐོག་ནས་ཁ་གསལ་གྱི་འགྲེལ་བཤད་བཏབ་སྟེ། ཀློག་པ་པོ་རྣམས་ལ་སྟབས་བདེ་བའི་ཀློག་དེབ་འཁྱེར་བདེར་ཁ་ཕྱོགས་ནས་བསྒྲིགས་པ་ཞིག་ཡིན་ནོ།།
སྒྲུང་པ་སྨིན་དབུས་པོ། བོད་ཀྱི་གླིང་སྒྲུང་པ་དང་གེ་སར་རིག་པའི་ཆེད་མཁས་པ་སྨིན་དབུས་པོ་ལགས་ཀྱི་སྒྲུང་མིང་ལ་འཇིགས་མེད་བརྩེ་ལྡན་རྡོ་རྗེ་དང་ཨ་དཀར་པོ་སོགས་སུ་འབོད། ཁོང་ནི་སྤྱི་ལོ1967ལོར་མགོ་ལོག་ཁང་སར་སྨིན་ཐང་དུ་འཁྲུངས། ལོ་ངོ་བརྒྱད་དགུའི་དུས་ནས་བཟུང་གླིང་སྒྲུང་བཤད་འབྲིའི་བག་ཆགས་སད། དཔལ་ཡུལ་ཀརྨ་ཆགས་མེད་ཀྱིས་སྒྲུང་དཔེ་ཞིག་གནང་བ་སོགས་ཀྱིས་སྒྲུང་སྒོ་ཕྱེ་ཞིང་། སྒྲུང་བཤད་པར་བྱིན་རླབས་བཀའ་གནང་སྩལ། ཁོང་གིས་གླིང་སྒྲུང་ག་ཡུ་ཨ་དར་བཏུལ་ཚུལ་དང་བལ་པོའི་ལུག་རྫོང་སོགས་རྣམ་སྒྲུང་དུ་མའི་ཁ་བྱང་བསྡུས་དོན་དང་རྒྱས་འབྲི་བྱས་པ་དང་། སྤྱི་ལོ1990ལོ་ནས་བཟུང་ཕ་ཡུལ་སྨིན་ཐང་དུ་གླིང་རྗེ་སྐུ་བརྙན་བཞེངས་པའི་སྲོལ་ཐོག་མར་བཙུགས། སྤྱི་ལོ1991ལོ་ཡས་མས་ནས་སྨིན་ཐང་དགོན་གཞུང་ནས་ཀུན་མཁྱེན་མི་ཕམ་པའི་གསུང་གི་གླིང་གེ་སར་གསོལ་མཆོད་བྱེད་པའི་སྲོལ་ཐོག་མར་བཙུགས། སྤྱི་ལོ1993ལོར་སྨིན་དགོན་དུ་གླིང་གིས་ཕྱོགས་བཞིའི་དགྲ་བཞི་བཏུལ་བའི་རྣམ་ཐར་འཁྲབ། སྤྱི་ལོ2008ལོར་མགོ་ལོག་ཁུལ་གེ་སར་ཞིབ་འཇུག་ལྟེ་གནས་དང་། གེ་སར་མགོ་ཁྲིད་ཚན་ཆུང་གིས་གདན་ཞུས་ཞིབ་འཇུག་པའི་དཔང་རྟགས་སྤྲད། སྔ་ཕྱིར《ཙཱི་དམ་འཕྲུལ་རྫོང》དང《ལྷོ་རོང་འབྲས་རྫོང》《འདན་མའི་རྟོགས་བརྗོད》《སྲིན་འདུལ་གནམ་ལྕགས་ཐོག་གི་ལེའུ 》《གཡུ་རྩེའི་སྨན་རྫོང》《འཁྲུངས་གླིང་རྡོ་རྗེའི་རོལ་མོ》《ལྷོ་རྒྱ་མཚོའི་དུང་རྫོང》《གླིང་རྗེ་གེ་སར་སྐྱེས་བུའི་མཆོད་སྒྲུབ་ཕྱོགས་བསྡུས་བྱིན་རླབས་གཏེར་མཛོད།》སོགས་སྒྲུང་ཚན་མང་པོ་ཀན་སུའུ་དང་། བོད་ལྗོངས། སི་ཁྲོན་སོགས་ཀྱི་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས། སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་དང་། རྒྱལ་ཡོངས་གེ་སར་བྱ་བའི་གཞུང་ལས་ཁང་སོགས་ཀྱིས་དག་སྣང་སྒྲུང་བའི་མཚན་བྱང་དང་བདེན་རྟགས་དཔང་ཡིག་གནང་། དེ་ནས་བཟུང་རྟེན་འབྲེལ་རེ་ཟུང་གི་གནད་བཞིན《ནེའུ་ཆུང་རྣམ་ཐར།》 དང་། 《གླིང་དཀར་དཔའ་བརྟུལ་བརྒྱད་བཅུའི་ངོ་སྤྲོད》སོགས་གླིང་རྗེ་རྒྱལ་བློན་གྱི་རྣམ་སྒྲུང་འབྲི་བཞིན། གླིང་རྗེ་གེ་སར་རིག་གནས་ལ་རྒྱུས་ལོན་དང་སྲུང་སྐྱོབ་ལ་དམིགས་ཏེ། བོད་ཡིག་གི་ལམ་ནས《གླིང་གེ་སར་རིག་གནས་དྲ་བ》ཞེས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་གླིང་འབྲེལ་བོད་ཡིག་དྲ་བ་གཅིག་པུ་དེ་ཁོང་སྒེར་གྱིས་གཉེར་ཏེ། གླིང་གེ་སར་ལོ་རྒྱུས་རིག་གནས་ལ་དཔྱད་གཞིའི་གཞི་གྲངས་མཛོད་ཕུན་སུམ་ཚོགས་པ་ཞིག་བཞེངས་བསྐྲུན་བྱས་པ་རྒྱུན་སྐྱོང་མུས་དང་། གླིང་གེ་སར་རིག་གནས་དྲ་བར་ཆེད་དུ་ཁ་གཏད་པའི་འཕྲིན་སྟེགས་ཆེད་གཉེར་དང་། གླིང་གེ་སར་ཚང་ཞེས་པའི་གླེང་རྟགས་གཉེར་ཏེ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྔོན་བྱོན་གྱི་གསུང་ལྟར་ལོ་རེའི་རྒྱལ་ཟླ་བའི་ཚེས་བཅོ་ལྔ་གླིང་གེ་སར་འཁྲུངས་སྐར་གཏན་ཁེལ་མཛད་ཅིང་བོད་ཡུལ་གྱི་ས་ཕྱོགས་མང་པོ་ནས་དུས་ཆེན་ལ་རོལ་བའི་སྲོལ་བཙུགས། བོད་མདོ་དབུས་ཁམས་གསུམ་གྱི་དམངས་ཁྲོད་དུ་བཞུགས་པའི་དུས་རབས་ཉི་ཤུའི་དཀྱིལ་ཡན་གྱི་སྒྲུང་རྙིང་ལག་བྲིས་མ་དཔེ་དཀོན་དང་ཤིང་པར་མའི་དཔེ་སྣ་བརྒྱ་ཕྲག་ལྷག་འཚོལ་བསྡུ་མཛད་དེ། ཁོང་གིས་སྒེར་གཉེར《ཨ་དཀར་འཕྲུལ་མཛོད》དུ་ཉར་ཚགས་དོ་དམ་བྱས་ཤིང་། དེའི་ཁྲོད་ནས་མཁོ་སྤྲོད་གནང་མཁན་དག་གིས་སྤྱི་ཚོགས་ལ་འགྲེམ་སྤེལ་ཆོག་དཔང་ཐོབ་རིགས་ཀྱི་དཔེ་སྣ་མི་ཉུང་བ་ཞིག་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་བསྒྲིགས་ཁང་ལ་མཁོ་སྤྲོད་བྱས་ཏེ། 《གླིང་གེ་སར་གྱི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ》ཞེས་པའི་ཁག་སྔོན་མ་སྒྲུང་སྣ་དྲུག་ཅུ་རེ་བདུན་ཡས་མས་ཀྱི་པོད་གྲངས་ལྔ་བཅུ་ང་བདུན་གྱི་བདག་ཉིད་ཅན་པར་བསྐྲུན་བྱས། ཁོང་ད་ལྟ་རྨ་ཡུལ་དར་ཁོག་གི་སྐུ་མཁར་སེང་འབྲུག་སྟག་རྩེའི་གེ་སར་རྣམ་ཐར་ཟློས་གར་ཚོགས་པའི་བློ་འདོན་པ་གཞོན་པ་དང་། མགོ་ལོག་གེ་སར་སྒྲུང་པའི་གཞིས་ཁྱིམ་ཟི་ལིང་ཡན་ལག་ས་ཚིགས་ཀྱི་ལས་སྒྲུབ་བློ་འདོན་པ། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་ཀྱི་ཁོངས་མི་སོགས་ཀྱི་ཞོར་དུ་གླིང་གེ་སར་སྐོར་གྱི་དཔེ་རྙིང་འཚོལ་སྒྲིག་བཀའ་བསྡུ་བ། དམ་པ་མང་པོའི་གླིང་འབྲེལ་གསུང་ཆོས་དུ་མའི་ཆོས་བདག་ཞུ་སྐུལ་པ་དང་། གནའ་ཤུལ་རྒྱུས་ཞིབ་སོགས་ལ་འབད་བརྩོན་ཧུར་ཐག་གནང་མུས་སུ་སྐུ་འཚོ་ཞིང་བཞུགས་པ་ལགས་སོ།།
གསར་འགོད་པ། ཨོ་རྒྱན།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10