2026-03-11
གཉའ་རྒྱལ་མཚན་ལགས་དཀར་མཛེས་ཁུལ་འཕེལ་རྒྱས་དང་བོད་ལུགས་གསོ་རིག་དར་རྒྱས་ཐད་ཀྱི་གྲོས་འགོ་ཁག་བཅུ་ཁྱེར་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས།
2026ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོག་འགོ་བརྩམས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། དཀར་མཛེས་ཁུལ་བོད་ལུགས་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཉའ་རྒྱལ་མཚན་ད་ལོར་པེ་ཅིང་དུ་བསྐྱོད་པའི་ཕུགས་འདུན་ནི་ལོ་སྔོན་མ་ལས་ཀྱང་ལྗིད་ཏིག་ཏིག་ཅིག་ཡིན། ཁོས་ད་ཐེངས་ཁྱོན་གྲོས་འགོ་ཁག་བཅུ་གྲ་སྒྲིག་བྱས་ཡོད་ལ། འདི་ནི་ཁོས་ལས་ཀ་བསྒྲུབས་ཚུན་གྱི་གྲངས་འབོར་མང་ཤོས་བཏོད་ཡོད།
ད་ལོའི་གྲོས་འགོའི་ཁྱབ་རྒྱ་ཧ་ཅང་ཆེ། དཀར་མཛེས་ཁུལ་གྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་དོན་གནད་གལ་ཆེན་ཡོད་ལ་མི་སེར་ཚོས་སེམས་ཁུར་བྱེད་པའི་དམངས་འཚོའི་གནད་དོན་ཡང་ཡོད། ད་དུང་ང་རང་གིས་མི་ཚེ་གང་པོར་གཉེར་བའི་བོད་ལུགས་གསོ་བ་རིག་པའི་བོད་སྨན་བྱ་གཞག་ཀྱང་ཡོད་ཅེས་གཉའ་རྒྱལ་མཚན་གྱིས་གསར་འགོད་པར་བཤད། གྲོས་འགོ་ཁག་བཅུ་པོ་འདི་ནི་ཁོས་བརྟག་ཞིབ་གཏིང་ཟབ་བྱས་པ་དང་། དུས་དཔག་བབ་བསྟུན་དང་བསམ་བློ་ཞིབ་ཕྲ་བཏང་བའི་གྲུབ་འབྲས་ཤིག་ཡིན་པས་ཕ་ཡུལ་མི་དམངས་ཀྱི་རེ་སྒུག་ཀྱང་ཡིན་པ་རེད།
དཀར་མཛེས་ཁུལ་ནས་ཡོང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་གཉའ་རྒྱལ་མཚན་གྱིས་ཐོག་མཐའ་བར་གསུམ་དུ་དཀར་མཛེས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་འགན་འཁྲི་སྒྲུབ་པའི་གཙོ་གནད་དུ་བརྩིས་ཡོད། ད་ལོར་ཁོས་ནུས་ཁུངས་གཙང་མའི་ལེགས་ཆ་གཞན་སྒྱུར་ལ་མུ་མཐུད་དམིགས་ནས《དཀར་མཛེས་ཁུལ་གྱི་གློག་ཤུགས་བགྲོད་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་གྲོས་འགོ》བཏོན་པ་རེད། ཁོས་དཀར་མཛེས་ཁུལ་གྱི་ནུས་ཁུངས་གཙང་མ་གསར་སྤེལ་བྱེད་པའི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་ཆབས་ཅིག་ངེས་པར་དུ་སྔོན་ཚུད་ནས་གློག་ཤུགས་ཕྱིར་སྐྱེལ་ལམ་བུ་འཆར་འགོད་བྱས་ཚེ་གཞི་ནས་ཐོན་ཁུངས་འཕྲོ་བརླག་མི་འགྲོ་བ་བྱས་ཏེ་ནུས་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་ཐུབ་པའི་ངོས་འཛིན་བྱས་ཡོད་པ་རེད།
གཞན་ཡང་། ཁོས་ད་དུང་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་དང་ལྷོ་ཆུ་བྱང་འདྲེན་གྱི་ནུབ་ཕྱོགས་ལས་གྲྭའི་སྐྱེ་ཁམས་ཁ་གསབ་སོགས་ས་ཁོངས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དོ་ཁུར་བྱས་ནས་རྒྱལ་ཁབ་ཀྱི་ངོས་ནས་དཀར་མཛེས་ཁུལ་ལ་རྒྱབ་སྐྱོར་དེ་བས་མང་བ་བྱ་རྒྱུའི་འབོད་སྐུལ་བཏང་བ་རེད།
2025ལོར་གཉའ་རྒྱལ་མཚན་འབའ་ཐང་རྫོང་དང་སྡེ་རོང་རྫོང་དུ་བསྐྱོད་དེ་ཡུལ་དངོས་ནས་བརྟག་ཞིབ་བྱས་ནས་བོད་འབྲེལ་ས་ཁུལ་གྱི་ཤེས་ལྡན་མི་སྣའི་གནས་ཚུལ་གྱི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་ཁོང་དུ་ཆུད་པ་བྱས་པ་རེད། ཤེས་ལྡན་མི་སྣ“ནང་འདྲེན་མི་ཐུབ་པ་དང་ཚུགས་མི་ཐུབ་པའི”དཀའ་གནད་ལ་དམིགས་ནས་ཁོས《བོད་འབྲེལ་ས་ཁུལ་གྱི་སློབ་གསོ་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར》དང《ས་བབ་མཐོ་ལ་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་དུ་ལྟ་སྐྱོང་གིས་མི་ཚུགས་པར་རྒྱབ་སྐྱོར་བྱ་རྒྱུ》སོགས་ཀྱི་གྲོས་འགོ་བཏོན་པ་རེད།
དེར་བརྟེན། ཁོས་བོད་སྨན་སྨན་རྫས་ཀྱི་ཚད་གཞི་མགྱོགས་མྱུར་བཟོ་བཅོས་རྒྱག་པ་དང་རྒྱལ་ཡོངས་བོད་ལུགས་གསོ་རིག་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཀྱི་ཚད་གཞི་གང་མགྱོགས་བཟོ་རྒྱུའི་སྐོར་གྱི་གྲོས་འགོ་གཉིས་ཆེད་བཏོན་བྱས་པ་རེད། གཉའ་རྒྱལ་མཚན་གྱིས“བོད་སྨན་མཐོ་སྒང་ནས་བསྐྱོད་དགོས་ན། ཚད་གཞི་ངེས་པར་དུ་སྔོན་ལ་ལག་ལེན་བསྟར་དགོས”། བོད་སྨན་ཚད་ལྡན་ཐོན་སྐྱེད་དང་བོད་ལུགས་གསོ་རིག་གི་སྨན་བཅོས་སྤྱོད་ལམ་ལ་ཡིད་ཆེས་ཐོབ་ཚེ་བོད་ལུགས་གསོ་རིག་གིས་གཞི་ནས་མང་ཚོགས་དེ་བས་མང་པོར་བདེ་སྐྱིད་དངོས་འབྲེལ་སྐྲུན་ཐུབ་ཅེས་བཤད་པ་རེད།
ཚོགས་ཆེན་གཉིས་འཚོགས་ཐེངས་རེ་རེ་ལ། འཐུས་མི་ཚོས་བོད་ལུགས་གསོ་རིག་སྐོར་གླེང་སྐབས་བོད་ལུགས་གསོ་རིག་གི་ནུས་པ་དང་ཕན་འབྲས་བསམ་གྱིས་མི་ཁྱབ་པ་ཡིན་པས་སོ་སོས་རང་འགུལ་ངང་དྲིལ་སྒྲོག་པ་བྱས་ནས་ཁྱབ་བསྒྲགས་བཏང་ཡོད་པ་རེད། གཉའ་རྒྱལ་མཚན་གྱིས་ཚོགས་འདུའི་རིང་ཁོས་འཐུས་མི་ཚོར་བོད་ལུགས་གསོ་རིག་སྨན་རྫས་ཀྱི་རིག་གནས་ནང་དོན་དང་ཐུན་མོང་མ་ཡིན་པའི་རིན་ཐང་མུ་མཐུད་དུ་ངོ་སྤྲོད་བྱས་ནས་ཚང་མར་བོད་ལུགས་གསོ་རིག་སྨན་རྫས་ཤེས་རྟོགས་དང་ཡིད་ཆེས་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད་པ་རེད། དེ་དང་ཆབས་ཅིག་ཁོས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་རང་ཉིད་ཀྱིས་བཏོན་པའི་གྲོས་འགོ་གསལ་བཤད་བྱས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དེ་བས་མང་པོ་འཐོབ་རྒྱུ་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
གཉའ་རྒྱལ་མཚན་གྱིས་ང་རང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་གཞི་རིམ་གྱི་བསམ་འཆར་ཚོགས་འདུར་སྒྲོག་པ་དང་མང་ཚོགས་ཀྱི་རེ་སྒུག་དེ་གྲོས་འགོར་འགྱུར་བར་བྱ་རྒྱུ་ནི་ངའི་འགན་འཁྲི་ཡིན། ཁུལ་ཨུའི“མྱུར་སྒྲུབ་ལ་བརྩི་མཐོང་དང་། དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ།”བཅས་ཀྱི་བླང་བྱ་འདོན་སྤེལ་གང་ལེགས་བྱས་ཏེ“བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ”བྱས་ནས་འཐུས་མིའི་འགན་འཁྲི་ནན་ཏན་བསྒྲུབས་ཏེ་དཀར་མཛེས་ཁུལ་འཕེལ་རྒྱས་དང་བོད་ལུགས་གསོ་རིག་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་བྱས་རྗེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
ལོ་ཙཱ། ཨོ་རྒྱན།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10