《ར་མ་ནག་པོ་ཕོ་ཎཱ་ཆེ》བཀླགས་བྱང་།

        2025-08-07

དཔེ་ཀློག་ནི་ཉི་འོད་དྲོན་པོ་ཞིག་དང་འདྲ་བས། ཁྱེད་ཀྱིས་དཔེ་ཀློག་གི་ཉི་འོད་དྲོན་པོ་འདི་ལོངས་སུ་སྤྱད་ཤེས་ན་ད་གཟོད་ཁྱེད་ཀྱི་མི་ཚེའི་འདུན་མ་ལ་འོད་སྟོང་གི་དྲོད་ཁོལ་འཛོམས་ཤིང་ཕུགས་བསམ་འཚོལ་སྙེག་གི་མདུན་ལམ་ཡངས་པོ་རུ་རིན་བྲལ་གྱི་ཟེར་མདངས་འཕྲོ་སྲིད། དེ་བས་དཔེ་ཀློག་ནི་ཕུགས་བསམ་དང་ལྡན་པའི་མི་ཞིག་ཡིན་ནས་བཟུང་ཁ་འབྲལ་ཐབས་མེད་པའི་གནད་ཀྱི་དམ་པ་དེ་ཅི་ལ་མིན། སྐུ་ཚེ་ཐོས་བསམ་གྱིས་བསྐྱལ་བའི་སྔོན་བྱོན་མེས་པོ་གོང་མ་ཚོ་དང་འཛམ་གླིང་ཡུལ་གྲུ་ཁག་གི་སྐྱེས་ཆེན་སོགས། སུ་དང་གང་ཞིག་ཡིན་རུང་དཔེ་ཀློག་ཐོས་བསམ་གྱི་མདུན་ལམ་བརྒྱུད་ནས་ཤེས་རབ་འོད་ཀྱིས་ཐུགས་རྒྱུད་གསལ་སོང་བ་ཡིན་པས། དཔེ་ཀློག་གིས་མི་ཞིག་གི་རྒྱུད་ཀྱི་ཤེས་རབ་རྒྱ་བསྐྱེད་ཐུབ་ལ། བླ་ན་མེད་པའི་མི་ཚེའི་རིན་ཐང་ཡང་རྙེད་སྲིད། ད་ལོའི་འཛམ་གླིང་དཔེ་ཀློག་གི་ཉིན་མོ་ནས་མགོ་བརྩམས་ཏེ་ངེད་ཁམས་ཀྱི་ཚགས་པར་ཁང་གི་འཕྲིན་སྟེགས་འདི་ག་ནས་རྩོམ་རིག་སྒྱུ་རྩལ་གྱི་ལམ་ཁ་ལ་ཕྱོགས་བཞིན་པའི་རྩོམ་པ་པོ་དག་གི་རང་ཉིད་ཀྱིས་དཔེ་ཆ་གང་ཞིག་བཀླགས་པའི་མྱོང་ཚོར་དག་གཟའ་འཁོར་རེ་རེ་བཞིན་མུ་འགོད་བྱེད་བཞིན་ཡོད་ལ། འདིས་ཕ་སྐད་མ་ཡིག་གི་གསར་རྩོམ་ལ་འཇུག་བཞིན་པའི་རྩོམ་པ་པོ་དཔུང་སྡེ་གསར་པ་གསོ་སྐྱོང་ལ་རམ་འདེགས་ཤིག་ཨེ་འཁྱོང་གི་འདུན་པ་དང་ལྡན་པའོ།།  

 ༼རྩོམ་སྒྲིག་པས་ཕུལ།༽ 


 《ར་མ་ནག་པོ་ཕོ་ཎཱ་ཆེ》བཀླགས་བྱང་། 

 མགར་བསམ་འཕེལ།


   དེབ་འདིའི་རྩོམ་པ་པོ་ནི་མོའུ་ལོ་ཀུན་ཡིན་ལ། ཁོ་ནི་རྒྱ་གར་གྱི་མི་ཡིན། བརྩམས་སྒྲུང་འདི་ནི་སྲོག་ཆགས་ཀྱི་མཐོང་སྣེ་སྤྱད་ནས་བྲིས་པའི་སྒྲུང་ཞིག་ཡིན། ར་མ་ནག་པོ་ཞིག་གི་དཀའ་སྡུག་གི་འཚོ་བ་དང་མི་ཚེ་གཅིག་གི་མཐོང་ཐོས་མྱོང་གསུམ། བརྩེ་དུང་གི་ཕམ་ཉེས་སོགས་བརྗོད་བྱ་བྱས་ནས་བྲིས་ཡོད་ལ། དེ་དག་མདོར་བསྡུས་ན། འགྲོ་བ་མི་རིགས་ཀྱི་ཧམ་སེམས་ཀྱིས་བཟོས་པ་ཞིག་རེད། བརྩམས་སྒྲུང་འདི་ཀློག་སྐབས་ནང་སེམས་ལ་སྨྲ་མི་ཤེས་བའི་ཟུག་རྔུ་ཞིག་གིས་ཡང་ཡང་རྒོལ། དེ་ནི་མི་ཀུན་གྱི་རྒྱུད་ལ་ལྷན་སྐྱེས་སུ་གནས་པའི་བྱམས་དང་སྙིང་རྗེ་ཡི་ས་བོན་ལ་སྔོག་འདྲུ་བྱས་པས། གདུང་སེམས་མཉམ་བསྐྱེད་ཀྱི་གོ་རིམ་ཞིག་ཡིན་ནམ་སྙམ། ཡང་ན། ང་ནི་མ་གཞི་ནས་འབྲོག་པ་ཡིན་ལ། འབྲོག་པའི་འཚོ་བ་ནི་ཕྱུགས་གསོ་སྐྱོང་དང་སྲོག་གཅོད་པ་ལ་ཐག་ཉེ་བ་རེད། སྒྲུང་འདིའི་བརྗོད་བྱ་ཡང་རང་ཉིད་ཀྱི་འཚོ་བ་དང་ཆ་འདྲ་བས་ཡིན་ཡང་སྲིད། སྒྲུང་དེབ་འདི་ངས་དཀར་ཟས་རོལ་མཁན་དག་ལ་ཆེད་དུ་འོས་སྦྱོར་བྱེད་འདོད། དཀར་ཟས་རོལ་མཁན་དག་གིས་སྒྲུང་འདི་བཀླག་ན་དམིགས་གསལ་གྱི་སེམས་ཚོར་དང་མྱོང་བ་མི་འདྲ་བ་ཡོད་པ་གདོན་མི་ཟ།    དང་ཐོག་མི་དང་སྲོག་ཆགས་གཉིས་ཧ་ཅང་བརྩེ་བ་ཡོད་མདོག་གིས་མཉམ་གནས་མཉམ་སྡོད་ཀྱིས་འཚོ་བ་རོལ་མོད།  བར་མཚམས་ཤིག་ནས་མི་གཤིས་ཀྱི་འགྱུར་ལྡོག་དང་འཚོ་གནས་ཀྱི་དགོས་མཁོའི་འགྱུར་བ་རིགས་ཤིག་གིས་ཕན་ཚུན་གྱི་འགལ་འདུ་ཇེ་དྲག་ལ་སོང་བ་རེད། དོན་དངོས་སུ་ང་ཚོའི་རང་ཉིད་ཀྱི་ལྟོ་རྒྱབ་དང་འཚོ་གནས་ཀྱི་མདུན་དུ་ཚེ་སྲོག་ལ་འདྲ་མཉམ་གྱི་ལྟ་སྟངས་ཤིག་ཆགས་ཐུབ་བམ། དོན་དངོས་སུ་ང་ཚོ་འུ་ཐུག་དུས་རྒྱུད་ཀྱི་བྱམས་དང་སྙིང་རྗེས་འགྱུར་ལྡོག་ཅི་ཞིག་གཏོང་ཐུབ་བམ། 


བཀྲ་ཤིས་བསམ་འཕེལ།  ཕ་ཡུལ་མཛོ་དགེ་རྫོང་ཐང་སྐོར་གྲོང་བརྡལ་ནས་ཡིན།  2023ལོར་རྔ་བ་ཁུལ་གྱི་དགེ་ཐོན་སློབ་གླིང་ནས་དངོས་གཞིའི་སློབ་མཐར་ཕྱིན།  ད་བར་བྲག་མགོ་རྫོང་གི་དཔེ་མཛོད་ཁང་ཞིག་ན་ལས་ཀ་བྱེད་བཞིན་ཡོད། 


རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:《བར་དོའི་ཐོས་གྲོལ་ཆེན་མོ》བཀླགས་བྱང་། ༼རོལ་སྐུད།༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།