ལི་ཐང་རྫོང་གིས་ཤུགས་ཆེན་པོས་མཐོ་སྒང་སྦྲང་མའི་ཐོན་ལས་སྤེལ།

( སྐལ་བཟང་རྒྱ་མཚོས་བསྒྱུར།)        2025-08-13

ལི་ཐང་རྫོང་གིས་ཤུགས་ཆེན་པོས་མཐོ་སྒང་སྦྲང་མའི་ཐོན་ལས་སྤེལ།

ཆེད་རམས་པའི་ཚོགས་པས་ལི་ཐང་སྦྲང་མའི་ཚན་རྩལ་སྒོ་ར་ཆུང་ཆུང་འཛུགས་པར་རོགས་རམ་བྱེད་པའི་ཚུལ།

སྤྱི་ཟླ8པའི་ཚེས5ཉིན་། དཀར་མཛེས་ཁུལ་ལི་ཐང་སྦྲང་མའི་ཚན་རྩལ་སྒོ་ར་ཆུང་ཆུང་གི་སྒོ་བྱང་དངོས་སུ་བཀལ་པ་རེད། དེས་ལི་ཐང་རྫོང་གི་སྦྲང་མའི་ཐོན་ལས་ཚན་རྩལ་ལ་བརྟེན་ནས་དར་རྒྱས་གཏོང་བའི་ལེའུ་གསར་པ་འབྲི་འགོ་བཙུགས་པ་མཚོན་ཡོད། སི་ཁྲོན་ཞིང་གྲོང་ཆེད་ལས་ལག་རྩལ་མཐུན་ཚོགས་དང་། སི་ཁྲོན་ཞིང་ལས་སློབ་ཆེན་དོ་དམ་སློབ་གླིང་། དཀར་མཛེས་ཁུལ་ཚན་རིག་ལག་རྩལ་མཐུན་ཚོགས་སོགས་ཀྱི་ཆེད་མཁས་པ་དང་སྦྲང་མའི་ལས་རིགས་མཐུན་ཚོགས་དང་། མཉམ་ལས་ཁང་། སྦྲང་གསོ་ཞིང་པ་བཅས་ཀྱི་འཐུས་མི། ད་དུང་ཕ་མ་བུ་ཕྲུག་གི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོར་ཞུགས་པའི་ཁྱིམ་བདག་དང་ཕྲུ་གུ་ཚོ་མཉམ་དུ་འཛོམས་ནས་མཛད་སྒོ་གལ་ཆེན་དེ་ལ་བདེན་དཔང་ར་སྤྲོད་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཏུའུ་གྲོང་ཁྱེར་ཞིན་ཏུའུ་ཁུལ་གྱིས་སྒོར་ཁྲི70ཡི་འགྲོ་སོང་བཏང་ནས་ལི་ཐང་སྦྲང་མའི་ཚན་རྩལ་ཁང་ཆུང་ཆུང་གི་རོགས་སྐྱོར་རྣམ་གྲངས་ཚན་རྩལ་ཐོན་ལས་ཞིབ་འཇུག་ཁང་དུས་རིམ་དང་པོ་འཛུགས་པ་དང་། སྦྲང་མའི་ཐོན་ལས་ཀྱི་བསམ་པའི་རྟེན་ས་བསྐྲུན་པ། ཆེད་མཁས་པ་དང་ལག་རྩལ་གདན་དྲངས་པ། སྦྲང་མཁན་གསོ་སྦྱོང་བྱེད་པ། ལག་རྩལ་ལག་དེབ་སྒྲིག་བཟོ་སོགས་ཀྱི་ཐད་སྤྱད་ཡོད། སྦྲང་མའི་ཚན་རྩལ་གྱི་སྒོ་ར་ཆུང་ཆུང་དེ་ཁུལ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་ཆོག་མཆན་སྤྲད་དེ་བཙུགས་པ་དང་། སི་ཁྲོན་ཞིང་ལས་སློབ་ཆེན་དང་ལི་ཐང་རྫོང་རྒྱས་རྒྱས་སྦྲང་མའི་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་གཉིས་མཉམ་འབྲེལ་བྱས་ནས་བསྐྲུན་ཡོད། སྦྲང་མའི་ཚན་རྩལ་སྒོ་ར་ཆུང་ཆུང་གི་རྗེས་ཕྱོགས་ཀྱི་འཛུགས་སྐྲུན་ཐད་འགྲིམ་འགྲུལ་དངུལ་ཁང་དང་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཆན་ཐང་ཁུལ་གྱིས་མ་དངུལ་བཏང་ནས་སྦྲང་ལྟ་ཟམ་པ་དང་སྦྲང་མའི་མེ་ཏོག་ལྡུམ་ར། སྦྲང་མའི་ཚན་རིག་ཁྱབ་གདལ་ཁང་། སྦྲང་མའིDIYཁང་བ་སོགས་ཁྱད་ཆོས་ལྡན་པའི་མྱོང་རོལ་དང་ཚན་རིག་ཁྱབ་གདལ་སྒྲིག་བཀོད་བསྐྲུན་ཡོད་པ་རེད།

སྦྲང་མའི་ཚན་རྩལ་སྒོ་རའི་ནང་ཚན་རིག་ཁྱབ་གདལ་འགྲེམས་སྟོན་ཁུལ་དང་། ཞིབ་འཇུག་སློབ་སྦྱོང་སློབ་ཁང་། གསོ་སྤེལ་མྱོང་རོལ་ཁུལ། རིག་གནས་གསར་གཏོད་ཁུལ་སོགས་བྱེད་ནུས་ཁུལ་མང་པོ་བཙུགས་ཡོད། དེའི་དམིགས་ཡུལ་ནི་ཚན་རྩལ་ལ་བརྟེན་ནས་ནུས་ཤུགས་ཐོན་པ་དང་ལི་ཐང་སྦྲང་མའི་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་གཏོང་བའི་ཆེད་ཡིན། ཚན་རིག་ཁྱབ་གདལ་འགྲེམས་སྟོན་ཁུལ་དུ་པར་རིས་དང་ཡི་གེ་མཉམ་དུ་འདུས་པ་དང་དངོས་རྫས་འགྲེམས་སྟོན་བྱས་པར་བརྒྱུད་ཚང་མར་སྦྲང་མའི་ཤེས་བྱ་ཁྱབ་གདལ་བཏང་ནས་ཚན་རིག་གི་བྱང་ཚད་མཐོ་རུ་གཏང་རྒྱུ་དང་། ཞིབ་འཇུག་སློབ་ཁང་གིས་ཆེད་ལས་ཀྱི་སྦྲང་མ་གསོ་སྤེལ་ལག་རྩལ་ཁྲིད་ནས་སྦྲང་གསོ་ཞིང་པ་གསར་པ་གསོ་སྐྱོང་བྱེད་པ། གསོ་སྤེལ་མྱོང་རོལ་ཁུལ་དུ་དེའི་ནང་ཞུགས་མཁན་ཚོས་སྦྲང་མ་གསོ་སྤེལ་གྱི་སྤྲོ་སྣང་དང་དཀའ་ངལ་དངོས་སུ་མྱོལ་རོལ་བྱེད་ཆོག། རིག་གནས་གསར་གཏོད་ཁུལ་དུ་ལི་ཐང་ས་ཁོངས་ཀྱི་རིག་གནས་དང་ཟུང་འབྲེལ་བྱས་ཏེ་སྦྲང་མའི་གཙོ་དོན་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་བྱས་ཡོད། དེས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གིན་ཡོད།

“སྦྲང་མའི་ཐོན་ལས་ཆུང་ཆུང”གིས“ཐོན་ལས་ཆེན་པོར”རྨང་གཞི་འདིང་བཞིན་ཡོད། “ཚན་རྩལ་སྒོ་ར་ཆུང་ཆུང”གིས“ཕུགས་འདུན་ཆེན་པོ”མངོན་འགྱུར་བྱེད་བཞིན་ཡོད། ཕྱིན་ཆད། ལི་ཐང་གི་སྦྲང་མའི་ཚན་རྩལ་སྒོ་ར་ཆུང་ཆུང་དེ་ཚན་རྩལ་གསར་གཏོད་སྤེལ་ཡུལ་དང་། གྲུབ་འབྲས་ཚང་མས་མཉམ་རོལ་བྱ་ཡུལ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་ཡུལ། ཐོན་ལས་རིམ་སྤོར་སྐུལ་འདེད་གཏང་ས་བྱས་ནས་ས་གནས་དེ་གའི་ཡུལ་སྡེ་དར་རྒྱས་དང་སྦྲང་མའི་ཐོན་ལས་བྱ་གཞག་ལ་ཚན་རྩལ་གྱི་སྟོབས་ཤུགས་འབུལ་རྒྱུ་རེད། །


  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་རིག་གནས་ཡུལ་སྐོར་དུས་ཚིགས་བྱེད་སྒོ་འགོ་བཙུགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།