2026-03-11
དཀར་མཛེས་ཁུལ་གྱི་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ལ་ཆེད་དོན་བཅར་འདྲི་བྱས། 2026ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་རིང་། ཁམས་པའི་བརྙན་འཕྲིན་ཁང་གིས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། དཀར་མཛེས་ཁུལ་གྱི་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ལ་ཆེད་དོན་བཅར་འདྲི་ཞུས་པ་དང་། དཀར་མཛེས་ཁུལ་གྱིས་རིག་གནས་ཡུལ་སྐོར་དར་རྒྱས་བཏང་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པའི་གནས་ཚུལ་གླེང་བ་རེད།
ཧྥུང་ཧྥ་ཀུའེ་ཡིས། དཀར་མཛེས་ཁུལ་གྱིས་ཡུལ་སྐོར་མི་ཐེངས་མང་བ་སྲུང་འཛིན་བྱས་ཏེ། འཛད་སྤྱོད་རྣམ་པ་ལེགས་སུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ནང་བཅུད་ཀྱི་རིག་གནས་དང་ཕྱིའི་སྣོད་ཀྱི་བཀོད་པ་སོགས་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། ཡུལ་སྐོར་བས་བློ་བདེ་བག་ཕེབས་ངང་ཡུལ་སྐོར་སྤྲོ་འཆམ་ཐུབ་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཀྱི་ལེགས་ཆ་དེ་ཡུལ་སྐོར་གྱི་ལེགས་ཆར་བསྒྱུར་ནས། རི་སྔོན་པོ་དང་ཆུ་དྭངས་མོ་ནི་གསེར་རི་དངུལ་རི་ཡིན་པའི་འཁོར་རྒྱུག་ཡག་པོ་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས། ན་ནིང་དཀར་མཛེས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་བྱེ་བ5ཙམ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར500ཙམ་ཐོབ་པ་དང་། མང་ཚོགས་ཀྱིས་གནས་ཚང་དང་རིག་གནས་ཐོན་རྫས་གསར་གཏོད། ཡུལ་སྐོར་ཐོན་རྫས་སོགས་ལ་བརྟེན་ནས། ཁྱིམ་གྱི་སྒོ་འགྲམ་དུ་འབབ་འཕར་དང་། རིག་གནས་ཡུལ་སྐོར་ཐོན་ལས་དེ་དམངས་ཕྱུག་ཁུལ་དར་གྱི་སྒུལ་ཤུགས་སུ་གྱུར་ཡོད། འགྲིམ་འགྲུལ་གྱི་རྒྱབ་རྟེན་རྒྱུན་མཐུད་ཇེ་བཟང་ཕྱིན་པ་དང་། ཁུལ་ཡོངས་ཀྱི་གནམ་ཐང3དུ་གནམ་གྲུ་ཤར་གཏོང་ཐུབ་པ། མྱུར་བགྲོད་གཞུང་ལམ་དར་རྩེ་མདོ་རུ་ཤར་གཏོང་ཐུབ་པ་བཅས་བྱུང་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་མང་དུ་བསྐྲུན་པ་མགྱོགས་སུ་བཏང་ཞིང་། ཡུན་ནན་དང་མཚོ་སྔོན། བོད་ལྗོངས་བཅས་དང་སྦྲེལ་མཐུད་བྱེད་པའི་འཐབ་ཇུས་ཀྱི་བགྲོད་ལམ་ཆེན་པོ་ཤར་གཏོང་ཐུབ་ནས། འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་དར་རྒྱས་བཏང་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་ཁ་ཕྱོགས་ཏེ། དཀར་མཛེས་ཁུལ་གྱིས་གནས་མཆོག་དཀར་མཛེས། མཛེས་པའི་ལོངས་སྤྱོད་ཅེས་པ་མིང་བྱང་དུ་བྱས་ནས། སེམས་ཀྱི་འགྲུལ་བཞུད་དང་ཕུགས་འདུན་འཚོལ་བའི་ཡུལ་སྐོར་ཐབས་ལམ་བཏོད་དེ་ཡུལ་སྐོར་བར་བློ་བདེ་བག་ཕེབས་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་རེད། ཡོང་ཁུངས། ཁམས་པའི་བརྙན་འཕྲིན། རྩོམ་སྒྲིག་པ། རྟ་མགྲིན་རྡོ་རྗེ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10