བྷོ་ཊའི་ལྗོངས།

༼ སྨྱུག་ཞེན། ༽        2025-11-17

འདི་ན་རང་བྱུང་དུང་ལྟར་མཛེས་པའི་མཛེས་སྡུག་སྟོང་གི་གཟི་དཔལ་མཆེད།།

འདི་ན་རུས་དང་ཁྲག་རྒྱུན་གཅིག་པའི་མེས་དབོན་གོང་མའི་རིགས་རུས་ཡོད།།

འདི་ན་བྱམས་བརྩེའི་ཟུངས་སུ་སྦྲུམ་པའི་གངས་ཅན་བོད་མིའི་རྣམ་ཤེས་ཡོད།།

འདི་ན་ཡིག་དྲུག་དབྱངས་སུ་འགུག་པའི་བྱམས་ལྡན་མི་ཡི་ལྷག་བསམ་མཆིས།།

སྡུག་གི་མུན་པ་གང་དུ་འཁྲིགས་ཀྱང་མཐུན་པའི་དཔུང་པ་མཉམ་གཤིབ་ཡིན།།

མི་འདོད་རྐྱེན་ངན་སུ་དང་འཕྲད་ཀྱང་ཀུན་གྱིས་བརྩེ་བས་ནམ་ཡང་བསྲུངས།།

མདོར་ན་གྲོང་སྡེ་གཅིག་ཏུ་ཆགས་པའི་ཁྱིམ་མཚེས་ཤིག་གི་འདུན་པ་བཞིན།།

མཐུན་པའི་ལག་རྡང་གཅིག་ཏུ་སྦྲེལ་པའི་ངོ་མཚར་ལྟད་མོ་འདི་རུ་མཆེད།།

སྟོད་ན་བླ་མཁར་པོ་ཏ་ལ་ཡི་གཟི་བྱིན་དགུང་སྔོན་དབྱིངས་དང་མཉམ།།

བར་ན་རིགས་གཅིག་ཕུ་ནུའི་བརྩེ་བ་ཟབ་གསལ་མཚོ་མོའི་མདངས་ལ་འཁུ།།

སྨད་ན་ཆུ་བཞི་ཡངས་མོའི་རླབས་རྒྱུན་མཐའ་མེད་རྒྱ་མཚོའི་ངོགས་ལ་འདྲེས།།

མཐའ་བཞི་ཀུན་ཏུ་ཞི་དུལ་སྤྱོད་པའི་ཆོས་ཀྱི་དངོས་གྲུབ་ཆར་དུ་སྙིལ།།

བཅོས་མིན་རང་བྱུང་དཀར་དམར་མེ་ཏོག་འཛུམ་གྱིས་གྲོལ་བའི་ཁ་བའི་ལྗོངས། །

རི་ལུང་ཀུན་ལ་རྟ་ནོར་ལུག་གསུམ་སྐར་ཚོགས་འཆར་འདྲའི་གངས་ཅན་ལྗོངས། །

རྣམ་དཔྱོད་རལ་གྲིར་རྣོ་ངར་མཆེད་པའི་སྐྱེས་ཆེན་མང་བའི་གདོང་དམར་པ།།

ལྷད་མེད་བརྩེ་བའི་གཟི་བྱིན་དམར་པོ་དྲག་ཏུ་སྐྱོམ་པའི་བྷོ་ཊའི་ལྗོངས།།


  • ལེ་ཚན་སྔོན་མ།:སེམས་ལ་བྲིས་པའི་འཇིག་རྟེན་གྱི་རི་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།