༼ ཆོས་དབྱིངས་རྒྱ་མཚོ། ༽ 2025-12-15
སློབ་ཁྲིད་འཚོགས་ཚར་རྗེས་ང་རང་གོམས་སྲོལ་ལྟར་ཧི་མ་ལ་ཡ་ཁོ་ཧྥེ་ཁང་དུ་ཕྱིན། ངས་ཁོ་ཧྥེ་ཕོར་གང་བོས་ནས་ཉི་འོད་ཕོག་པའི་སྒེའུ་ཁུང་འགྲམ་གྱི་རྐུབ་བཀྱགས་དེར་བསྡད་ཅིང་། ཌ་ཡ་ན་ཇེ་སྨུག་པོས་ཁ་རོ་ལིན་རོ་སི་ཇི་མེན་དང་ལྷན་དུ་བརྩམས་པའི《འབྲུག་སྒྲ》ཞེས་པའི་པོད་རྒན་དེའི་ཁ་ཕྱེས་པ་དང་ཁ་སང་གི་ཀློག་འཕྲོའི་རྒྱུན་བསྐྱངས་པ་ཡིན།
ཆོས་རྒྱམ་དྲུང་པ་རིན་པོ་ཆེ་དང་མཉམ་དུ་བསྐྱལ་བའི་ཌ་ཡ་ནའི་མི་ཚེའི་ལོ་རྒྱུས་སམ་ཡང་ན་ཆོས་རྒྱམ་དྲུང་པ་རིན་པོ་ཆེའི་ངོ་མཚར་བའི་མཛད་པ་འཕྲིན་ལས་སྐོར་ལ་རྒྱུས་ལོན་བྱེད་པ་ནི་ཧ་ཅང་ཁྱད་མཚར་བའི་མྱོང་རོལ་ཞིག་ཏུ་སྣང་། ཁྱད་པར་དུ་ཌ་ཡ་ནས་རིན་པོ་ཆེར་མོ་རང་མི་ཆལ་ཏེ་རིན་པོ་ཆེའི་སྨན་པ་དང་མཉམ་དུ་གཉིས་སྦྱོར་གྱི་ལས་ལ་འཇུག་འདོད་པའི་བསམ་ཚུལ་ཞུས་པ་དང་། རིན་པོ་ཆེས་སྣང་དོགས་ཅི་ཡང་མེད་པར་ཡིད་འཐད་བྱུང་བའི་གཏམ་རྒྱུད་དགོད་བྲོ་བ་དག་ཀློག་དུས་དེ་ལས་ཀྱང་ཡ་མཚན་པའི་སྣང་བ་སྐྱེས་ཡོང་།
བདག་འཛིན་དང་བྲལ་བའམ་རྣམ་རྟོག་མེད་པ། གུ་ཡངས་བའི་སེམས་ཁམས་དེ་འདྲ་ཞིག་སྦྱོང་བརྡར་ག་འདྲ་ལ་བརྟེན་ནས་བྱུང་བ་ཡིན་ནམ། ངས་ཡིག་ཕྲེང་དེ་དག་མཐོང་དུས་ཅི་ཡིན་འདི་ཡིན་མེད་པར་ཚར་གཉིས་གསུམ་རེ་བཀླགས་པ་ཡིན།
ང་རང་མཚར་སྣང་དང་བསམ་གཞིག་གི་ཀློང་དུ་ཚུད་ནས་ཡུད་ཙམ་འགོར་བ་ན། ངས་ལྟ་ཕྱོགས་ཤིག་གིས་མདུན་ཅོག་སྟེང་གི་ཁ་པར་འགུལ་བཞིན་པ་མཐོང་། ཁ་པར་ལག་ཏུ་བླངས་ནས་འཆར་ངོས་སུ་བལྟས་པ་ན་ཆུང་མས་ཁ་པར་གསུམ་བརྒྱབ་འདུག། འོན་ཀྱང་། སྐབས་འདིར་ང་ལ་ཁ་པར་ལ་ཉན་འདོད་མི་འདུག། ངས་ཁ་པར་ཕྱིར་ཅོག་ཙེའི་སྟེང་དུ་བཞག་ནས་མུ་མཐུད་དེ་ཡིག་ཕྲེང་འགའ་ཞིག་བཀླགས་པ་ཡིན་མོད། མདུན་ཅོག་སྟེང་གི་ཁ་པར་སླར་ཡང་འགུལ་བྱུང་། འགུལ་སྟངས་དེས་ང་རང་ཅི་ཡིན་འདི་ཡིན་མེད་པར་བློང་བློང་བོར་བཏང་།
“ཝེ……” ངས་ལག་ནང་གི་དེབ་རྒན་དེ་མདུན་ཅོག་ཏུ་བཞག་སྟེ་ཁ་པར་ལ་ཉན་པ་ཡིན།
“ཁ་པར་ལ་མི་ཉན་དོན་ཅི་ཡིན།” ཁ་པར་གྱི་ཕར་སྣེ་ནས་ཆུང་མས་སྐད་ཆ་གཞན་པ་ཅི་ཡང་མ་བཤད་པར་ཐད་ཀར་དེ་ལྟར་དྲིས་བྱུང་། སྐད་གདངས་ལ་ཉན་ན་ཅུང་ཙམ་ཁྲོ་ཡོད་པ་གསལ་པོར་རྟོགས་ཐུབ།
“ཁ་པར་སྒྲ་མེད་ཀྱི་རྣམ་པར་བཞག་འདུག། ད་མིན་གོ་མ་སོང་།”
“རེད་དམ། རྫུན་གཏམ་མ་ཡོང་།”
“ངོ་མ་ཟེར་བ་ཡིན། རྫུན་བཤད་དགོས་དོན་ཅི་ཡོད།” ངས་ལམ་སང་ཁ་པར་གྱི་སྒོ་གཏན་ནས་དཔེ་ཀློག་བྱེད་འདོད་བྱུང་མོད། འོན་ཀྱང་། ཆུང་མའི་དོན་མེད་ཀྱི་བསྙོན་འཛུགས་ད་རུང་མཇུག་རྫོགས་མི་སྲིད་པ་འདྲ།
“ཅི་ཤེས། ལྐོག་ལྐོག་སུད་སུད་དུ་ཅི་ཞིག་ལས་བཞིན་ཡོད་པ་སུས་གོ”
ཆུང་མས་ཅི་ཞིག་བརྗོད་འདོད་ཡོད་པ་ངས་འཕྲལ་དུ་ཤེས་བྱུང་མོད། མཐིལ་དོན་མ་རྟོགས་པ་ལྟར“ཅི་ཞིག་ཟེར་བ་ཡིན”ཞེས་བཤད་པ་དང་། དེ་ནས་གཞན་ཅི་ཞིག་བཤད་དགོས་པའང་མ་ཤེས་པར“ཡ། ད་ངས་དཔེ་ཀློག་བྱེད་དགོས། དོན་དག་གཞན་ཡོད་དམ”ཞེས་བཤད་པ་ཡིན།
ང་ལ་དངོས་གནས་བྲེལ་བ་ལངས་བྱུང་། ངས་གཞན་ཐམས་ཅད་སྣང་མེད་དུ་དོར་ནས་མུ་མཐུད་དཔེ་ཀློག་བྱེད་དགོས་སྙམ་བྱུང་། ཡིན་ནའང་ང་ལ་ཐད་ཀར་ཁ་པར་སྒོ་གཏན་པའི་སྙིང་སྟོབས་ཀྱང་མི་འདུག། དེ་བས། མུ་མཐུད་དེ་ཕ་རོལ་ནས་ཅི་ཞིག་བཤད་ཡོང་བར་ཉན་པ་ལས་ཅི་བྱར་ཡོད།
“ཧུན། དོན་དག་མེད་ན་ཁ་པར་རྒྱག་མི་ཆོག་གམ།”
“དེ་ཟེར་བ་མིན།”
“དེ་ཟེར་བ་མིན་ན་ཅི་ཟེར་བ་ཡིན། ངའི་སྐད་ལ་ཉན་འདོད་མེད་པ་ཨེ་རེད།”
“མ་རེད།”
“དེས་ན་ཅི་རེད། ང་མིན་པའི་སྐད་ཆ་བཤད་ས་གཞན་ཞིག་ཡོད་པ་ཡིན་ནམ།”
“ཁ་དྲོ། དོན་མེད་རྙོག་དྲ་མ་སློང་རོགས།” ཕྱི་རོལ་ནས་ནང་དུ་འཕྲོས་པའི་ཉི་འོད་ཀྱི་དྲོད་ཁོལ་གྱིས་ཡིན་ནམ། ཡང་ན་ཁོ་ཧྥེ་ཁང་དུ་ས་དྲོད་ཕྱེས་ཡོད་པས་ཡིན། གང་ལྟར་ཡང་ངའི་ལུས་ཧྲིལ་བོར་ཚ་དྲོད་ཅིག་ཁྱབ་སྟེ་འདུག་མི་བཟོད་པ་ཞིག་ཏུ་གྱུར། གཅིག་བྱས་ན་དེ་ནི་རང་ཉིད་ཨམ་གཙིགས་ཁོག་བཅུག་བྱས་ཏེ་བསྡད་པ་ལས་བྱུང་བའི་ཚུར་སྣང་ཞིག་ཡིན་ཡང་སྲིད།
ངས་ཁ་པར་འགོ་དང་ཕྲག་པ་གཉིས་ཀྱི་བར་དུ་བསྡམས་ཏེ་ཕ་རོལ་ནས་ཅི་ཞིག་བཤད་ཡོང་བར་སྒུག་པ་དང་། ཆབས་ཅིག་ཏུ་དཔེ་ཆ་ལག་ཏུ་བླངས་ནས་མུ་མཐུད་དེ་ཡིག་འབྲུ་འགའ་ཞིག་མིག་གིས་འདེད་བཞིན་ཁོག་འདོན་བྱས་པ་ཡིན། འོན་ཀྱང་། སྐབས་འདིར་ང་རང་སེམས་འཚབ་ལངས་ནས་ལུས་སེམས་གཉིས་ཀ་ལྷོད་ལ་འབབ་མི་ཐུབ་པ་ཞིག་ཏུ་གྱུར་འདུག་པས། ངས་ཚིག་རྐང་དེ་དག་ཏུ་དོན་དམ་པར་ཅི་ཞིག་བརྗོད་ཀྱིན་པ་རྟོགས་ཐབས་མ་བྱུང་། དྲང་མོར་བཤད་ན་ཡོད་ཚད་སྣང་ལ་མ་ངེས་པའི་ངང་དུ་ཀློག་བཞིན་འདུག་པས། རེ་ཞིག་ལ་ཧ་ཅང་ཡིད་ཐང་ཆད་པའམ་སུན་སྣང་སྐྱེས་ཡོང་བ་ཞིག་ཏུ་གྱུར།
“ཨ་རོག ལྐུགས་སོང་ནི་ཨེ་རེད།” ངས་རིག་པ་བསྒྲིམས་ནས་ཚིག་རྐང་དེ་དག་ཡང་བསྐྱར་ཐེངས་གཅིག་ཀློག་དགོས་སྙམ་ནས་གཟབ་ལྟ་བྱེད་བཞིན་པའི་སྐབས་དེར། ཕ་རོལ་ནས་ཡང་བསྐྱར་སྐད་ཆ་བཤད་འགོ་བརྩམས་བྱུང་། ཚིག་ངན་དེས་ང་སླར་ཡང་ཅི་བྱ་གཏོལ་བྲལ་དང་ཅི་བཤད་འདི་བཤད་མེད་པར་བསྒྱུར།
“ད་ངས་དཔེ་ཀློག་བྱེད་དགོས། ཅུང་ཙམ་ནས་ཁ་པར་རྒྱག་ཡོང་།” ངས་སེམས་རྣལ་དུ་ཕབ་ནས་ངག་འཇམ་པོས་དེ་ལྟར་བཤད་པ་ཡིན་མོད། འོན་ཀྱང་། ནང་སེམས་སུ་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ནས་རང་ཉིད་ཀྱི་ལུས་སེམས་གཉིས་ཀ་འབར་ལ་ཁད་དུ་གྱུར་འདུག།
“ང་དང་མཉམ་དུ་ཁ་བརྡ་བཤད་རྒྱུ་གལ་ཆེའམ་དཔེ་ཆ་ཀློག་རྒྱུ་གལ་ཆེ།” ལན་ཇི་ལྟར་འདེབས་དགོས་མི་ཤེས་པའི་དྲི་བ་འདི་དག་གིས་ང་ལ་ནམ་རྒྱུན་བྲེད་ཤ་སློང་བ་དང་ཧོན་ཐོར་བར་བྱེད།
“ཁ་དྲོ། སྙད་མ་རྐོ་རོགས།”
“སྙད་རྐོ་མཁན་ང་རེད་དམ་ཁྱོད་རེད།”
ངས་ཁ་པར་གྱི་སྒོ་མ་གཏན་ལ་སྐད་ཆ་ཡང་མ་བཤད། གནས་སྐབས་སུ་ཁ་པར་མདུན་ཅོག་སྟེང་དུ་བཞག་ནས་བསྐྱུར་བ་ཡིན། ང་ལ་ཐབས་བཀོད་གཞན་པ་མི་འདུག། དེ་ནས་ངས་མུ་མཐུད་དེ་དཔེ་ཀློག་བྱེད་དགོས་སྙམ་སྟེ་དཔེ་ཆའི་ཁ་ཕྱེས་ཏེ་གོང་གི་ཀློག་འཕྲོ་ནས་མར་ཅུང་ཟད་བཀླགས་པ་ན། མདུན་ཅོག་སྟེང་གི་ཁ་པར་ཡང་བསྐྱར་འགུལ་བྱུང་། ངས་སླར་ཡང་ཁ་པར་ལ་ཉན་པ་ཡིན།
“དོན་ངོ་མར་ཁྱོད་ཀྱིས་ཅི་ཞིག་འདོད་ཀྱིན་ཡོད།” སྐད་གདངས་ཇེ་མཐོ་དང་སྐད་འགྲགས་ཇེ་ཆེར་རེད། “ཁ་པར་ལ་ཉན་ནས་སྐད་ཆ་མི་བཤད་དོན་ཅི་ཡིན།”
“ངས་ཁྱོད་ལ་ཅི་ཞིག་བཤད་དགོས་ཤེས་ཀྱི་མི་འདུག། ཁྱོད་ཀྱིས་ཅི་ཡིན་འདི་ཡིན་མེད་པར་སྙད་བརྐོས་ཡོང་ན་ངས་ཅི་བྱེད་དགོས་པ་རེད།” ང་རང་དངོས་གནས་ཅི་བྱ་གཏོལ་བྲལ་དུ་གྱུར་སོང་།
“ཧུན……”
ང་ལ་མཚོན་ན། འདི་ལྟ་བུའི་དོན་མེད་རྙོག་དྲ་སློང་བའི་གནས་ཚུལ་ལ་འཕྲད་ཐེངས་དང་པོ་མིན་མོད། འོན་ཀྱང་། ངས་ཆེད་དམིགས་ཀྱིས་དུས་ཚོད་བཙལ་ནས་ཁོ་ཧྥེ་ཁང་དུ་དཔེ་ཀློག་བྱེད་བཞིན་པའི་སྐབས་དག་ཏུ་འདི་ལྟ་བུའི་གནས་ཚུལ་བྱུང་བ་ནི་ཆེས་བཟོད་ཐབས་མེད་པ་དང་རླུང་ལངས་ཡོང་བ་ཞིག་རེད།
“ཁ་དྲོ། ད་ང་ལ་དཔེ་ཀློག་གི་གོ་སྐབས་ཅུང་ཙམ……” ངས་སྐད་ཆ་བཤད་མ་ཚར་གོང་ཕ་རོལ་ནས་ཁ་པར་གྱི་སྒོ་གཏན་བྱུང་།
ཁ་པར་གྱི་སྒོ་གཏན་པ་ན་ང་ལ་རང་དབང་གི་དུས་ཚོད་དང་བར་སྟོང་ཞིག་བྱུང་སོང་སྙམ་པའི་ངལ་གསོ་ཞིག་ཐོབ་ལ། ད་ནི་དཔེ་ཀློག་མཁོ་སོད་པ་ཞིག་བྱེད་དགོས་སྙམ་པའི་ཧམ་སེམས་འདྲ་ཞིག་ཀྱང་ལངས་བྱུང་།
ངས་ཁོ་ཧྥེ་ཧུབ་གང་བཏུང་རྗེས་སླར་ཡང་དཔེ་ཆ་མཐུག་པོ་དེའི་ཁ་ཕྱེས་ནས་ད་ཅི་ཁོག་འདོན་བྱས་པའི་ཚིག་ཕྲེང་དེ་དག་ཡང་བསྐྱར་བཀླགས་པ་ན། ང་རང་སླར་ཡང་ཆོས་རྒྱམ་དྲུང་པ་རིན་པོ་ཆེ་དང་ཌ་ཡ་ན་ཇེ་སྨུག་པ་སྟེང་ཞལ་གཉིས་ཀྱི་ངོ་མཚར་བའི་ལོ་རྒྱུས་དང་། ཁྱད་པར་དུ་ཕན་ཚུན་ལ་བཅངས་པའི་བརྩེ་འདང་དང་བསམ་ཤེས་སོགས་ཀྱིས་ལུས་ཀྱི་སྤུ་ལོང་གཡོས་ཤིང་ཡིད་མྱོས་པར་གྱུར།
ཤུ། ཡུན་རིང་མ་འགོར་བར་ཁ་པར་ཡང་བསྐྱར་འགུལ་བྱུང་། འོན་ཀྱང་ད་ཐེངས་ཀྱི་འགུལ་སྟངས་ནི་ཁ་པར་ཐོན་སྐབས་ཀྱི་འགུལ་སྟངས་དེ་འདྲ་མིན་པས། ངས་འཕྲིན་ཕྲན་དུ་གནས་ཚུལ་ཞིག་འབྱོར་བ་ཡིན་པ་ལས་སླ་བོར་རྟོགས། དེ་བས་ངས་སེམས་འཚབ་ཅི་ཡང་མེད་པའི་སྒོ་ནས་ཁ་པར་ལག་ཏུ་བླངས་ནས་འཕྲིན་ཕྲན་གྱི་སྒོ་ཕྱེས་པ་ཡིན།
“ང་ལས་ཁུངས་ནང་གི་ཚོགས་འདུར་ཞུགས་དགོས་འདུག་པས། ཉིན་གུང་བུ་ཆུང་བསུ་སར་འགྲོ་རྒྱུ་མ་བརྗེད།” དེ་ནི་ཆུང་མས་བསྐུར་བའི་ཡིག་འཕྲིན་ཞིག་རེད། ངས་ད་གཟོད་རང་ཉིད་བྱིས་པ་གསུམ་གྱི་ཕ་རྒན་ཡིན་པ་ཡིད་ལ་འཁོར་བ་དང་། ནམ་རྒྱུན་ཁྱིམ་དོན་ཁོ་ནར་བསམ་བློ་གཏོང་བའི་ཆུང་མའི་སྟེང་ལ་ཁོང་ཁྲོ་ལངས་པ་དང་ཚིག་ངན་བརྗོད་པར་སེམས་གཏིང་ནས་བློ་འགྱོད་ཅིག་སྐྱེས།
ཁ་པར་ངོས་ཀྱི་དུས་ཚོད་ལ་བལྟས་པས་ཏག་ཏག་ཆུ་ཚོད་བཅུ་གཉིས་པ་རེད་འདུག་པས། ང་རང་ལམ་སང་ཁོ་ཧྥེ་ཁང་ནས་སྒོར་བུད་དེ་སློབ་གྲྭའི་ཕྱོགས་སུ་བྲེལ་མྱུར་གྱིས་བརྒྱུགས་པ་ཡིན།
རྩོམ་གསར། 10