ཁུལ་ཨུ་གྲོང་འདུས་ལས་དོན་ཚོགས་འདུ་འཚོགས།

(བདེ་སྐྱིད་ཀྱིས་བསྒྱུར།)        2025-12-24


སྤྱི་ཟླ12པའི་ཚེས17ཉིན། ཁུལ་ཨུ་གྲོང་འདུས་ལས་དོན་ཚོགས་འདུ་འཚོགས་ཤིང་། གྲོང་ཁྱེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་སི་ཁྲོན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གྲོང་ཁྱེར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་པ་རེད། ཚོགས་འདུར“གངས་ལྗོངས་ཤམ་བྷ་ལ། སེམས་ཀྱི་གནས་མཆོག་གྲོང་ཁྱེར”བསྐྲུན་རྒྱུར་དམིགས་ནས“ལྟེ་གནས་གཅིག་དང་ཟུར་པ་གཉིས། གནད་ས་གསུམ། གྲོང་རྡལ་གྲགས་ཅན་མང་བའི”དེང་རབས་ཅན་གྱི་གྲོང་འདུས་མ་ལག་མགྱོགས་མྱུར་འཛུགས་པ་ཁ་གསལ་བཏོན་པ་དང་། གསར་གཏོད་དང་གནས་འཕྲོད། མཛེས་སྡུག། བསྟུན་མཁས། ཤེས་དཔལ། བློ་རིག་བཅས་འཛོམས་པའི་གྲོང་འདུས་འཛུགས་སྐྲུན་ལ་ཧུར་ཐག་བསྐུལ་ཏེ། ཤུགས་ཆེན་པོས་ཁུལ་ཡོངས་ཀྱི་གྲོང་འདུས་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་བསྐུལ་དགོས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་ཚོགས་འདུར་ཞུགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཆུང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

ཚོགས་འདུར་བསྟན་དོན། ཉེ་བའི་ལོ་ཤས་རིང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གྲོང་འདུས་ལས་དོན་དེ་ཁུལ་ཡོངས་ཀྱི་ཁྱོན་ཡོངས་ཀྱི་གོ་གནས་གལ་ཆེན་དུ་འཇོག་པ་རྒྱུན་འཁྱོངས་ནས། གྲོང་འདུས་ཀྱི་བར་སྟོང་བཀོད་བབ་ལེགས་སུ་གཏོང་བ་དང་། མཚམས་ཚིགས་གྲོང་འདུས་སྐྱེད་སྲིང་། གྲོང་ཁྱེར་གསར་སྒྱུར་ལག་ལེན། དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏང་རྒྱུ་སོགས་ཐད་ལ་བཀོད་སྒྲིག་རབ་དང་རིམ་པ་བྱས་ཏེ། ཁུལ་ཡོངས་ཀྱི་གྲོང་འདུས་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཡོང་བར་བསྐུལ་ཡོད། དེ་དང་ཆབས་ཅིག། ད་སྔར་ཁུལ་ཡོངས་ཀྱི་གྲོང་འདུས་ལས་དོན་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད་པ་གསལ་པོར་ཤེས་དགོས། རིམ་པ་ཁག་དང་སྡེ་ཁག་སོ་སོས་རང་ཁུལ་གྱི་གྲོང་འདུས་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་དགོས་པ་དང་། དཀར་མཛེས་ཁུལ་དེང་རབས་ཅན་གྱི་གྲོང་འདུས་འཛུགས་སྐྲུན་གྱི་བྱེད་ཕྱོགས་ཁ་གསལ་བཟོ་ཞིང་། སྐྱེ་ཁམས་ཀྱི་ངོ་བོ་དང་མི་རིག་གི་ངོ་བོ་བརྟན་དུ་སྲུང་བ། ཕྱི་ནང་གཉིས་ཀ་ལེགས་པར་འཛུགས་པ། རང་ངོས་ཀྱི་ཚད་དཔོག་ལ་གཞི་བཙུགས་པ་དང་ཁྱད་ཆོས་འཕེལ་རྒྱས་མངོན་གསལ་དོད་དུ་བཏང་ནས། མཐོ་སྒང་གི་སྤུས་ལེགས་དང་གཞི་གཙང་གྲོང་འདུས་དེ་བས་མང་པོ་ཧུར་ཐག་བསྐྲུན་ནས། དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་མི་དམངས་གྲོང་འདུས་སྐྲུན་པའི་ལམ་བུ་གསར་པར་བསྐྱོད་ཐུབ་དགོས།

ཚོགས་འདུར་ནན་པོར་བསྟན་དོན། གྲོང་འདུས་འཛུགས་སྐྲུན་གྱི་བྱེད་ནུས་ཚད་དཔོག་ལ་དམིགས་ནས་བར་སྟོང་བཀོད་སྒྲིག་གི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། དར་མདོ་དང་ལྕགས་ཟམ་རྫོང་གིས་ཚོགས་བསྒྲིགས་ཅན་གྱི་ལྟེ་གནས་གྲོང་འདུས་ཤུགས་ཡོད་རྒུས་འཛུགས་པ་དང་། ལི་ཐང་དང་འབའ་ཐང། དཀར་མཛེས་དང་བྲག་མགོ་རྫོང་གཉིས་ནས་ཚོགས་པ་བསྒྲིགས་ཏེ་ཁུལ་ཁོངས་ཀྱི་ལྷོ་རྒྱུད་དང་བྱང་རྒྱུད་ལྟེ་གནས་སྐྱེད་སྲིང་བྱ་རྒྱུར་བསྐུལ་དགོས། བྱང་རྒྱུད་དང་དབུས་རྒྱུད། ལྷོ་རྒྱུད་བཅས་འགྲིམ་འགྲུལ་འགག་རྩ་ཆེན་པོ་གསུམ་བརྒྱུད་ནས་གྲོང་འདུས་འཕེལ་རྒྱས་ཀྱི་གནད་ས་འཛུགས་པ་དང་། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཐོན་ལས་སྟོབས་ཆེན་གྲོང་རྡལ་དང་། རིག་གནས་གྲགས་ཅན་གྲོང་རྡལ། ཚོང་ལས་ཉོ་འཚོང་གྲོང་རྡལ་གལ་ཆེན་ཁག་གཅིག་བསྐྲུན་དགོས།

ཚོགས་འདུར་ནན་པོར་བསྟན་དོན། གྲོང་འདུས་ལས་དོན་གྱི་གཙོ་གནད་ལས་འགན་ལ་དམིགས་ཏེ། དཀར་མཛེས་ཁུལ་གྱི་གྲོང་འདུས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་ཤུགས་ཡོད་རྒུས་བསྐུལ་དགོས། “གངས་ལྗོངས་ཤམ་བྷ་ལ། སེམས་ཀྱི་གནས་མཆོག་གྲོང་ཁྱེར”བསྐྲུན་རྒྱུར་དམིགས་ཏེ། གྲོང་ཁྱེར་གསར་སྒྱུར་འཛིན་གཞིར་བྱས་ནས་སྒུལ་ཤུགས་ཕུན་སུམ་ཚོགས་པའི་གསར་གཏོད་གྲོང་འདུས་དང་། སྐྱིད་སྣང་སྟབས་བདེ་བའི་གནས་འཕྲོད་གྲོང་འདུས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་མཛེས་སྡུག་གྲོང་ཁྱེར། ཉེན་མེད་བློས་འགེལ་ཆོག་པའི་བསྟུན་མཁས་གྲོང་ཁྱེར། མཐུན་སྒྲིལ་ཡར་ཐོན་གྱི་ཤེས་དཔལ་གྲོང་ཁྱེར། བཅོས་སྐྱོང་ལས་ཆོད་ཆེ་བའི་བློ་རིག་གྲོང་ཁྱེར་བཅས་གསར་དུ་སྐྲུན་ཤུགས་ཆེ་རུ་གཏང་དགོས།

ཚོགས་འདུར་ནན་པོར་བསྟན་དོན། གྲོང་འདུས་ལས་དོན་རྩ་འཛུགས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་ཤུགས་རྒྱ་ཁྱབ་ཏུ་གཅིག་སྡུད་བྱ་དགོས། ཏང་སྲིད་ཀྱིས་གཅིག་གྱུར་འཆར་འགོད་དང་སྡེ་ཁག་མཉམ་སྐུལ། མཉམ་འཛིན་སྤྱི་འདོམས་བཅས་ཀྱི་ལས་ཀའི་བཀོད་བབ་མགྱོགས་མྱུར་འཛུགས་པ་དང་། མ་ལག་ཆ་ཚང་དང་འཁོར་སྐྱོད་ཆོད་ཆེའི་གྲོང་འདུས་འཕེལ་རྒྱས་ཀྱི་འགན་ལེན་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁག་དཀར་མཛེས་ཁུལ་དུ་དོན་ཐོག་ཇི་བཞིན་དུ་འཁྱོལ་ཐུབ་པ་དང་། ཕན་འབྲས་དངོས་ཐོབ་པར་འགན་ལེན་བྱ་དགོས།། 


  • ལེ་ཚན་སྔོན་མ།:ལྕགས་སྲིབ་མྱུར་ལམ་གྱི་གནས་ཚུལ་གསར་ཤོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།