༼ ཉག་ཕྲན། ༽ 2025-12-10
ཨ་ལོང་ཡང་ལོང་བརྒྱུས་འདྲའི་ཨ་མཚར་གྱི་བརྩེ་བ།།
ཧ་ཧ་དགོད་སྒྲའི་མ་རྒྱན་ཧ་གོ་ཞིག་མི་འདུག །
ས་ལེའི་ཉིན་བྱེད་དབང་པོ་ས་སྟེང་དུ་འཕྲོས་པས།།
ཤ་ཞེན་བརྩེ་བའི་བུ་མོ་ཤ་སྦྲང་དུ་སྤྲུལ་ཏེ།།
ལ་མོར་བྲུན་པ་གང་དེར་ལ་གཞས་ཤིག་བླངས་སོང་།།
ར་མདར་འགྲོ་དགོས་བསམས་ནས་ར་ཁ་ལ་ཐོན་དུས།།
ཡ་རབས་གཤིས་ཀ་ཉམས་ཤིང་ཡ་ཏོག་ཀྱང་ཐོར་འདུག །
འ་འུར་ཅི་ཡང་མེད་པར་འབ་འུབ་དུ་འགྲོ་དུས།།
ཟ་འཁྲུག་ལངས་བྱུང་འདྲ་བས་ཟ་ཟེད་དུ་བཏང་བྱུང་།།
ཞ་སྨྱུག་གཡས་སྐོར་གཡོན་སྐོར་གྱི་ལིང་ཅིག་བྲིས་ཏེ།།
ཝ་ལེར་བུ་མོ་གང་དེ་འཚོལ་སྙེག་ཏུ་ཆོས་འགྲོ།།
ཛ་དྲག་ཆེ་བའི་དུས་འདིར་བུ་མོ་ཞིག་དྲན་པའི།།
ཚ་ཟེར་འཕྲོ་བ་མང་པས་ཚ་གྲུམ་ཞིག་བྱུང་སོང་།།
ཙ་གེ་ཙི་གེ་ན་ཡང་ཙ་ར་ལས་ཡང་པས།།
མ་འོངས་བདག་ལ་དབང་སྙམ་མ་རབས་ཤིག་བྱས་སོང་།།
བ་དན་གླིང་འདིའི་གང་སར་བུ་མོ་དེ་འཚོལ་འདོད།།
ཕ་དང་ཨ་ཁུ་ཡིན་ཡང་འགོག་ཐབས་ཤིག་མ་བསམ།།
པ་སངས་ལྷག་བསམ་ལྡན་པའི་སྐྱེ་བོ་རེ་ཡོད་ན།།
ན་ནིང་ད་ལྟའི་དུས་ལ་ན་ཆུང་ཚོ་མ་གཏོར།།
ད་རེབ་བདག་གི་མིག་ཆུ་ད་ཆུ་དང་འདྲ་བས།།
ཐ་ན་སེམས་ཡང་མ་ལུས་ཐ་ཆད་དུ་བཏང་བྱུང་།།
ཏ་ལེའི་སྙིང་སྡུག་བུ་མོ་ཏཱ་རེ་རེ་ཐོན་དང་།།
ཉ་ཉོག་ཅི་ཡང་མེད་པར་ཉ་གང་དུ་གྱུར་ཏེ།།
ཇ་ཆང་མཉམ་སྤྱོད་དགའ་བའི་ཇུས་བཟང་ཞིག་འཐེན་ནས།།
ཆ་ལུགས་ཆ་མཐུན་ཙམ་གྱི་སྐྱ་ཡ་ཁྱོད་བཙལ་འདོད།།
ཅ་རེ་སྡོད་མེད་སེམས་པ་ཁྱོད་ཕྱོགས་སུ་འཁོར་བས།།
ང་ཡིས་རྩལ་ཤུགས་ཡོད་དགུའི་ང་རོ་ཞིག་བསྒྲགས་སོང་།།
ག་ཆད་ཤུགས་ཟད་དུས་ལ་ག་ཤེད་དུ་བསམ་ཀྱང་།།
ཁ་ཁོག་གཅིག་པའི་ཟླ་ཞིག་ཁ་ཁོར་དུ་མ་གནས།།
ཀ་རྩོམ་ཕྲེང་བའི་རྒྱུན་འདི་སྐྱོ་བ་དང་ལྷན་དུ།།
ཀ་མེད་ཐབས་སྡུག་བྱུང་བས་ཁ་བ་ལྟར་ཞུ་སོང་།།
རྩོམ་གསར། 10