རྒྱལ་རོང་ཡུལ་གྱི་ཟིན་ཐོ།

༼ ཨོ་རྒྱན་དོན་གྲུབ།༽        2026-01-19


སྟོད་ཞང་ཞུང་སྒོ་ཕུག་བར་གསུམ་གྱི།།

མཐའ་སྒོ་ལ་ཆགས་པའི་ཚ་བ་རོང་།།

གནས་རྒྱལ་མོ་དམུ་རྡོའི་མཐའ་འཁོར་ནས།།

ས་ཆེན་པོའི་མཐའ་མཚམས་བསྲུངས་ནས་ཡོད།།

ཆུ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ།།

དུས་སྐྱིད་རེས་སྡུག་རེས་རི་མོ་རེ།།

ལས་ཐོད་པར་བྲིས་པའི་གདོང་དམར་བ།།

ས་འདི་ནས་བཙན་པོའི་བཀའ་མ་ལོག།

མཐོ་བཙན་རྫོང་གནམ་ལ་ཟུག་པའི་འདབས།།

ལུས་འཇོ་སྒེག་སྨྱུག་མའི་སྐྱེ་གཟུགས་མ།།

མ་བུ་མོའི་ལང་ཚོའི་འཆོར་སྒེག་ཅན།།

མཛེས་ཤིགས་སེ་རྒྱལ་རོང་ཡུལ་ན་ཡོད།།

ཡུལ་ཞང་ཞུང་རྟ་མྱིའི་དཔའ་སྤོབས་རྒོད།།

གནས་ཚ་བ་རོང་གི་རྒྱུད་པ་བཟང་།།

དེ་གཅིག་ཏུ་འདྲེས་པའི་རོང་མི་བ།།

སེམས་ཞེ་ལ་ཐོགས་པའི་གནས་ཤིག་ཡིན།།

ཆུ་རྒྱལ་མོ་རྔུལ་ཆུར་ཆུ་རབས་མེད།།

གནས་འདིའི་རིག་གནས་རྫོགས་མཐའ་མེད།།

རི་དཀན་གཟར་གནམ་ལ་ཟུག་པ་འདི།།

རོང་དཔའ་རྒོད་ཁྱེད་ཚོའི་བློ་སྤོབས་རེད།།

གངས་བཙན་པོའི་དཔུང་ལས་མཆེད་པའི་ཡུལ།།

གནས་འདི་ན་རྒྱལ་ཁག་བཅོ་བརྒྱད་གྲགས།།

དེ་དཔའ་དང་སྤོབས་པའི་བྱས་རྗེས་རེ།།

འདས་ལོ་རྒྱུས་དེབ་ཐེར་གསེང་ན་གསལ།།

གནས་ཆེན་པོ་རྒྱལ་མོ་དམུ་རྡོའི་འདབས།།

རུས་སེམས་ལ་ཐོགས་པའི་རོང་མི་བ།།

རི་ཁ་བ་ཅན་གྱི་རུས་རྒྱུད་དེ།།

ཤ་རུས་པར་འདྲེས་པ་ཨེ་དྲན་ཀི།།

གནས་ས་བཙན་འགག་འཕྲང་དོགས་ལམ་རེར།།

མ་བུ་མོ་འགྲོ་ལམ་ཨེ་བདེ་ན།།

ཡུལ་འདི་གའི་ལྷ་མོའི་གཤིས་ཀ་རེ།།

སེམས་ཞེ་ལ་ཐོགས་པའི་དོན་ཞིག་རེད།།

རིགས་རུས་ཀྱི་ལ་རྒྱ་ཁོག་ན་ཡོད།།

ཁ་ཕོ་རུས་རི་མོ་ཞེ་ན་བཀྲ།།

དབྱངས་གསལ་བཤད་སྨྲ་ལྕེ་འགག་སོང་ན།།

བོད་མེས་པོར་མཇལ་དུས་ཞེ་རེ་སྨྲེང་།།

སེམས་ཚ་བ་རོང་གི་ཡུལ་ཁམས་ཀྱི།།

གནས་སྣོད་བཅུད་བཀོད་པར་འཁྲེང་འཁྲེང་ནས།།

ལག་སྨྱུ་གུ་ཐོགས་པའི་གསར་འགོད་པས།།

ཡུལ་འདི་ཡི་དུངས་སེམས་ཐོ་རུ་བཀོད།།


  • ལེ་ཚན་སྔོན་མ།:བར་ཆད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།