2026-01-08
སྤྱི་ཟླ་དང་པོའི་ཚེས6ཉིན། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་བསྟན་དོན། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་ལ་འཁྱོལ་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་རྒྱུ་གཙོ་རྐང་དུ་བྱེད་པ་དང་། རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་པ། ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་འགྲིག་བཅས་ཡོང་བར་སྐུལ་འདེད་བཏང་ནས། དཀར་མཛེས་ཁུལ་ཡུན་རིང་བདེར་འཁོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
བཞུགས་མོལ་ཚོགས་འདུར་སྐུ་བཅར་ཡོན་ཏན་རྒྱ་མཚོ་དང་། ཚུལ་ཁྲིམས་བློ་གྲོས། ཆོས་ཀྱི་གྲགས་པ། རྒྱ་ནག་སྐུ་ཕྲེང་བཅུ་བཞི་པ། ཚེ་དབང་བསྟན་འཛིན། ཧོང་ཞུས་སུང་། ཞན་ཁོ་ཕིན། མ་ཡུས་ཡོན་བཅས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ8ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ"རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས"བཅས་ཀྱི་སློབ་གསོར་དམིགས་ནས་མྱོང་ཚོར་གླེང་སྟེ། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་འཐུས་ཚབ་མི་སྣས་སེམས་གཏིང་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་པའི་ཁྲོད་དུ་ཧུར་ཐག་གིས་ཞུགས་པའི་ཐུན་མོང་གི་བསམ་འདུན་མཚོན་ཡོད།
ཀྲའོ་པོ་ཡིས་བསྟན་དོན། ད་ལོ་ནི"ལོ་ལྔའི་འཆར་འགོད་བཅོ་ལྔ་པ"འགོ་ཚུགས་པའི་ལོ་ཡིན་ལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་འབྱུང་འགྱུར་ལོ་ལྔའི་རིང་གི་ཀྲུང་གོའི་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་བཀོད་ཡོད། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པས་མ་འོངས་པའི་ལོ་ལྔའི་རིང་གི་སི་ཁྲོན་ལག་ལེན་ལ་འཆར་རིས་བཀོད་པ་དང་བྱ་སྤྱོད་ཀྱི་རྩ་འཛིན་བཏོན་ཡོད། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་གཏན་འབེབས་བྱས་པའི"ལོ་ལྔའི་འཆར་འགོད་བཅོ་ལྔ་པ"ཡི་གྲོས་འགོ་ཚང་མའི་ནང་རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དགོས་པ་བསྟན་ཡོད། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་ཀྱང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་རྒྱག་རྒྱུའི་ཐད་འཆར་འགོད་ཞིབ་ཕྲ་བྱས་ཡོད། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣས“ཆབ་སྲིད་ཐད་བློས་འགེལ་ཆོག་པ། ཆོས་ལུགས་ཐད་མཁྱེན་རྒྱ་ཡངས་པ། ཀུན་སྤྱོད་ཐད་མང་ཚོགས་ཀྱིས་ཁས་ལེན་པ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས”ཚད་གཞིར་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་དཀར་མཛེས་ཁུལ་གྱི་ལག་ལེན་ལ་མཉམ་དུ་སྐུལ་བའི་ཐད་གོང་འཕེལ་གསར་པ་དེ་བས་ཆེན་པོ་ཡོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བརྩམ་ཆེད་བྱས་རྗེས་དེ་བས་ཆེ་བ་གཞག་དགོས།
ཀྲའོ་པོ་ཡིས་ནན་གསུང་གནང་དོན། དུས་རབས་གསར་པར་བླང་བྱ་གསར་པ་ཡོད་པས་ཆོས་ལུགས་ལས་རིགས་ཀྱི་མི་སྣས་དུས་བསྟུན་མདུན་སྐྱོད་བྱས་ནས་རྒྱལ་ཁབ་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་དང་འགན་འཁྲི་ཡག་པོ་འཁུར་དགོས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་ཐད་མིག་དཔེ་བསྟན་ནས། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བྱེད་ཅིང་། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་རླབས་ཆེན་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེངས་ཤིང་། ཏང་དང་རྒྱལ་ཁབ། སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་བའི་བརྩེ་དུང་ཟབ་ཏུ་བཏང་ནས་ཁ་བྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱ་དགོས། མི་རིགས་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བའི་ཐད་མིག་དཔེ་བསྟན་ཏེ། ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་བཅངས་ཏེ། ཐུན་མོང་ཐོག་མཐུན་སྒྲིལ་འབད་བརྩོན་བྱེད་པའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་དགོས། བག་ཡོད་ཚུལ་ལྡན་དང་ཁྲིམས་སྲུང་ཐད་མིག་དཔེ་བསྟན་ནས། མ་སྐུལ་དང་བླངས་ཀྱིས་ཆོས་ཁྲིད་སྔོན་ལ་བཅའ་ཁྲིམས་བཤད་པ་དང་། ཆོས་ཁྲིད་སྔོན་ལ་ཁྲིམས་སྲོལ་སྦྱོང་བ། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣར་ཁྲིམས་བཀུར་ཁྲིམས་སྦྱོང་། ཁྲིམས་སྤྱོད།ཁྲིམས་སྲུང་གི་གོམས་གཤིས་བཟང་པོ་ཆགས་པར་སྐུལ་ཁྲིད་བྱ་དགོས། ཆོས་ལུགས་སྐྱོན་བྲལ་བརྒྱུད་འཛིན་ཡོང་བ་དགེ་མཚན་ལྡན་པ་དང་སྐྱོན་བྲལ་ངང་སྐུལ་འདེད་སྔར་ལས་ལེགས་པོ་གཏོང་བ་དང་། རང་ཉིད་སློབ་གསོ་དང་རང་ཉིད་དོ་དམ། རང་ཉིད་གཅུན་མཁས་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། ཐོས་བསམ་སྒོམ་སྒྲུབ་རྩེ་གཅིག་ཏུ་བྱེད་པའི་ཐད་མིག་དཔེ་སྟོན་བསྟན་ནས། ཏན་ཏན་ཏིག་ཏིག་གིས་གསུང་རབ་ལ་ཞིབ་འཇུག་དང་སྦྱང་བརྩོན་བྱས་ཤིང་། ཆོས་དོན་དང་ཆོས་ཁྲིམས་ཁྲོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་དང་མཉམ་འདྲེས་བྱས་ཏེ། གསུང་རབ་འགྲེལ་བཤད་ཁྲོད་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་གྱི་དགོས་མཁོ་དང་བསྟུན་ནས། རང་རྒྱལ་ཆོས་ལུགས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་མཉམ་འདྲེས་ཡོང་བར་བསྐུལ་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་སྐུལ་འདེད་སྔར་ལས་ལེགས་པར་གཏང་དགོས། མ་སྐུལ་དང་བླངས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཐད་མིག་དཔེ་བསྟན་ཏེ།“སྙིང་རྗེ་ཆེ་ལ་འགྲོ་དོན་སྒྲུབ་པ་དང་། དགེ་ལ་བརྩོན་ཞིང་སྦྱིན་ལ་དགའ་བ། སྤྱོད་བཟང་གིས་གཞན་དོན་སྒྲུབ་པ།”སོགས་ཆོས་ལུགས་ཀྱི་བསྟན་དོན་མུ་མཐུད་དར་སྤེལ་བཏང་སྟེ། སྡིག་སྤང་དགེ་སྒྲུབ་དང་སྤྱོད་པས་གཞན་འདུལ། རང་སེམས་འདུལ་བ་སོགས་ཀྱི་དྲང་ཕྱོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཤིང་། ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོག་མ་སྐུལ་དང་བླངས་ཀྱིས་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ནང་ཞུགས་ནས་གནོད་སྐྱོབ་དཀའ་སེལ་དང་། རྒན་གསོ་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོབ། ཡུལ་སྡེ་དར་རྒྱས་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་སྟོབས་ཤུགས་བྱས་རྗེས་སུ་འབུལ་དགོས།
ལུགས་རྙིང་ལོ་གསར་དང་བོད་ལོ་གསར་འཆར་ཉེར་ཡོད་པའི་སྐབས་སུ། ཀྲའོ་པོ་ཡིས་ཁུལ་ཨུ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་མཛད་ནས་ཚོགས་ཞུགས་འཐུས་ཚབ་དང་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཆོས་ལུགས་ལས་རིགས་མི་སྣར་ལོ་གསར་པར་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།
འབྲེལ་ཡོད་ཁུལ་གྱི་མགོ་ཁྲིད་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།།
ལོ་ཙཱ། ལྷ་འཛོམས་དང་ཨོ་རྒྱན། རྩོམ་སྒྲིག་པ། མགར་རྒྱལ་སྲས། རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན། ཞུ་ཆེན། སྐལ་ཐུབ། སྤྱིའི་ལྟ་སྐུལ་བ། བཀྲ་ཤིས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10