2026-01-08
ཐུན་མིན་དགེ་མཚན་གྱི་ཐོན་ལས་རིམ་སྤོར་དང་ཤུགས་ཡོད་རྒུས་འཕེལ་རྒྱས་སྒུལ་ཤུགས་ཆེ་རུ་བཏང་།
ད་ལོར། དཀར་མཛེས་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ཚོགས་འདུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། བརྟན་བརླིང་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་དོན་གྱི་རྩ་དོན་མཐའ་འཁྱོངས་ཏེ། འཕེལ་རྒྱས་སྤུས་ཚད་མཐོན་པོའི་ཁ་ཕྱོགས་ལ་དམིགས་ནས་ཁྱད་འཕགས་ཀྱི་ཐོན་ཁུངས་དགེ་མཚན་ལ་བརྟེན་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། སྲིད་ཇུས་ཀྱི་ལྟ་རྟོག་ལ་བརྟེན་ནས་ཁྲོམ་རའི་གསོན་ཤུགས་སྐུལ་སྤེལ་བྱས། ས་ཁོངས་མཐུན་སྦྱོར་ལ་བརྟེན་ནས་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་བཏང་སྟེ། ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་རྒྱས་བྱུང་ཡོད། སྔོན་དཔག་བྱས་ན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར62མངོན་འགྱུར་བྱུང་ཞིང་། དུས་མཚུངས་ལས་བརྒྱ་ཆ6འཕར་བ་དང་། སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར72ལ་སླེབས་ཤིང་། དུས་མཚུངས་ལས་བརྒྱ་ཆ19འཕར་བས། མཐོ་སྒང་ཡུལ་དུ་དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ་བའི་རྣམ་པ་གསར་པ་ཞིག་མངོན་ཡོད།
དཀར་མཛེས་ཁུལ་གྱི་འཛད་སྤྱོད་སྐུལ་སྤེལ་བཏང་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་བྱུང་།
དཀར་མཛེས་ཁུལ་གྱིས་འཛད་སྤྱོད་ཀྱིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་བའི་དོན་ཚན7དང་།ཞིང་འབྲོག་ལས་རིགས་སྐོར་གྱི་དོན་ཚན9སོགས་ཀྱི་སྲིད་ཇུས་ལག་ལེན་བསྟར་ཏེ་དཔལ་འབྱོར་གསོན་ཤུགས་རྒྱས་པར་སྐུལ་སྤེལ་བཏང་ཡོད། ལོ་ཧྲིལ་པོར་བྲིན་ཚོང་བྱེད་སྒོ་རབ་དང་རིམ་པ་ཐེངས176སྤེལ་བ་དང་། ཞིང་ཆེན་རིམ་པའི་འཛད་སྤྱོད་བྱ་ཡུལ་གསར་པ1དང་། ཁུལ་རིམ་པའི་འཛད་སྤྱོད་བྱ་ཡུལ་གསར་པ10། ཡིད་རྟོན་འཛད་སྤྱོད་ཚོང་ཁང30བཅས་བསྐྲུན་པ་དང་། གནས་མཆོག་དཀར་མཛེས་ཀྱི་རླངས་འཁོར་གྲོང་དང་། རྫོང་རིམ་པའི་ཚོང་ལས་སྒྲིག་གཞི51། ཐོན་ཡུལ་ཐོག་མའི་དར་གྲུ་ཚོང་ཁང14བཅས་བསྐྲུན་ཏེ། དྲྭ་ཐོག་དང་དྲྭ་འོག་མཉམ་འདྲེས་ཀྱི་འཛད་སྤྱོད་འབྲེལ་འདྲིས་འཐུས་ཚང་དུ་བཏང་ཡོད། མི་མེད་གནམ་གྲུའི་ཟོང་འགྲུལ་སྡེབ་སྐྱེལ་དང་དམའ་མཁའ་སྤྱི་པའི་ཞབས་ཞུའི་ཚོད་ལྟ་ཁུལ་བཅས་རིམ་བཞིན་འཛུགས་སྐྲུན་བྱེད་པ་དང་། “གྲོང་སྡེའི་མྱུར་སྐྱེལ”ཡོངས་སུ་ཁྱབ་པའི་དམིགས་ཚད་བརྟན་པོའི་ངང་མངོན་འགྱུར་བྱུང་སྟེ་མཐོ་སྒང་གི་ཐོན་རྫས་ལེགས་པོ་གྲོང་སྡེ་བརྒལ་ནས་རྒྱལ་ཡོངས་སུ་ཚོང་ཐུབ་པ་བྱུང་ཡོད།ཚོང་གཉེར་བྱེད་པོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་སྟེ། སྒེར་གྱི་བཟོ་ཚོང་ཐེམ་དུད་ཁེ་ལས་ལ་བསྒྱུར་བ108དང་། ཚད་འཕར་སྡེ་ཚན55དང་ཚད་མཐོན་ཚོང་དོན་སྡེ་ཚན53སོགས་གསར་དུ་བསྣན་པས། ཁྲོམ་རའི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་སྔ་ལས་སྔོག་འདོན་བྱས་ཡོད།
རང་མོས་ངང་འབྲི་ཆུའི་དཔལ་འབྱོར་ཁུལ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་ཞུགས་ཏེ། དཀར་མཛེས་ཁུལ་དང་མེ་ཧྲན། ཁྲེང་ཏུའུ། དབྱི་པིན་བཅས་བར་ལ་གཞན་གཏོགས་ས་ཆ་གླིང་ཁུལ་འཛུགས་སྐྲུན་རྒྱ་བསྐྱེད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཐོན་ལས་དང་རིན་ཐང་འབྲེལ་ཐག་དམ་པོས་ཐོན་ཁུངས་ཕན་ཚུན་གསབ་རེས་དང་མཉམ་དུ་འཕེལ་རྒྱས་བྱུང་ཡོད། ཁུལ་ཁོངས་འཕེལ་རྒྱས་རྣམ་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། ཁུལ་ཨུ་གྲོང་ཁྱེར་དང་གྲོང་རྡལ་ལས་དོན་ཚོགས་འདུ་འཚོགས་ཏེ། གངས་ལྗོངས་ཤམ་བྷ་ལ།སེམས་ཀྱི་གནས་མཆོག་གྲོང་ཞེས་པའིIPབཏོད་པ་དང་། དར་མདོ་ནས་ལྕགས་ཟམ་ཁའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཁུལ་མྱུར་བསྐྲུན་དང་། དཀར་མཛེས་དང་ལི་ཐང་ཁུལ་ཁོངས་ལྟེ་གནས་ཕལ་པའི་འཛུགས་སྐྲུན་བརྟན་པོར་བསྐུལ་ཏེ“ལྟེ་གནས་གཅིག་དང་། ཟུར་པ་གཉིས། གནད་ས་གསུམ། གྲོང་རྡལ་གྲགས་ཅན་མང་བ”བཅས་ཀྱི་འཕེལ་རྒྱས་རྣམ་པ་ཆགས་འགོ་བཙུགས་ཏེ། ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད།།
ལོ་ཙཱ། སྐལ་བཟང་རྒྱ་མཚོ། རྩོམ་སྒྲིག་པ། རྟ་མགྲིན་རྡོ་རྗེ། རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན། ཞུ་ཆེན། སྐལ་ཐུབ། སྤྱིའི་ལྟ་སྐུལ་བ། བཀྲ་ཤིས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10